R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༢
[A:༡༡༢]མཐའ་བཙན་པས། །བདུད་དབང་མ་སོང་དམ་པའི་ཐུགས་མཛོད་ལོངས། །གང་ཟེར་དབྱངས་སུ་ལེན་ལ་མ་ཉན་པར། །རིག་འཛིན་སྤྲུལ་སྐུའི་ཞལ་བཟང་མཐོང་བས་དད། །དད་མེད་སྐྱེ་བོའི་རྗེས་སུ་མ་ཞུགས་ཤིང༌། །ཞིང་འདིར་རྙེད་དཀའི་མགོན་དེ་མཉེས་པར་བྱས། །བྱས་པ་དོན་ཡོད་དམ་ཆོས་ཉིང་ཁུ་ཐོས། །ཐོས་ལོ་མ་ཡིན་ངེས་ཤེས་མཚན་མ་མཐོང༌། །ལོ་དེའི་ཟླ་བ་བཅུ་པའི་ཚེས་བཅུ་གཅིག་ལ། ཧོར་སྨད་པའི་དམག་དཔུང་ཆེ་བ་བརྒྱུགས། ཚེར་མ་མང་པོ་བསྲེགས། གཡག་ལུག་མང་པོ་ཡང་དག་པར་དེད། །མི་བསད་ནི་མ་བྱུང༌། ལོ་གཏོར་ཁ་ཅིག་བརྡབས་པས། དེ་ནུབ་བརྡའ་ཞོགས་བྱས་ཡུད་ཀྱིས་བྲོས་ནས་མི་འདུག་ཅིང༌། ཕྱིས་སུ་དགོན་པའི་སྟབས་ནས་འདི་པ་དང་སྤྱོད་ལམ་འདྲེས། ངེད་རང་གི་གྲ་པའི་ཁུངས་འདྲས་ཀྱང་བསྐང་གསོ་བཞིན་བྱས་འདུག་པས་འགྱངས་སེ་ནི་བྱུང་མོད། འགའ་ཞིག་ནི་མཐའ་གཙང་སོང༌། ངེད་ཀྱི་ཕ་མེས་ནས་བཟུང་དེང་སང་གི་བར་ངེད་དང་འགྲས་པ་ཚོ་རྩད་མ་རྫོགས་པ་ཡེ་མི་གདའ། བླ་མ་རྡོ་རྗེ་འཆང་དེ་བཞུགས་པའི་བར་ལ་མི་ལོ་ཆེན་པོ་ཉེར་བདུན་ཙམ་གྱི་བར། ཞལ་ངོ་སྐུ་ཚེ་བར་ཆད་དུ་སོང་བ་དང༌། བྱུས་ཁ་དམའ་བ་ཙམ་ཡང་མ་བྱུང༌། བདེ་ཞིང་སྐྱིད་པ་དེ་ཡུན་རིངས་པས་གྱེན་ལན་ཐུར་གྱི་ཚུལ་དུ་མི་བདེ་བ་མང་དུ་ལངས། མདུང་ཐད་འཛིན་དྲགས་པས་ཡོན་ཏན་སྐྱོན་དུ་སོང་ནས་མཐའ་བཞི་དགྲས་འཁོར། ཉང་ཤབ་གཉིས་ཆར་དུ་བུན་ནེ་ཟིང་ངེ་བའི་ངང་ལ་སོང༌། གནས་པས་