R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༧
[A:༡༡༧]པའི་ཀུན་སྦྱོར་ཞོར་ལ་ཤེས། །དམ་པས་ཁྲེལ་གནས་བདག་ལ་བླ་མས་གཟིགས། །གཟིགས་པ་སྒྲིབ་མེད་དེ་ཡིས་དུས་ཀུན་དུ། །དུ་མའི་གསུང་གིས་དགེ་ལ་བསྐུལ་ན་ཡང༌། །ཡང་དག་མ་ཡིན་རྣམ་རྟོག་ཁོ་ནས་གཡེངས། །གཡེངས་མེད་བསམ་གཏན་སྒོམ་དུས་ནམ་ཡོང་ན། །ན་རྒས་འཆི་སྐྱེའི་སྡུག་བསྔལ་བཟོད་པར་དཀའ། །དཀའ་བས་བཙལ་བའི་ཆོས་ནི་དེ་བས་དཀོན། །དཀོན་མཆོག་སྐྱབས་སུ་འཛིན་པ་ཆེས་དཀོན་མོད། །མོད་ལ་བསམ་མནོ་ཐོང་ལ་དགེ་སྦྱོར་འབུངས། །སྐུ་གདུང་རིན་པོ་ཆེ་ལ་གདུང་ཚ་ཁྲི་ཚོ་བརྒྱད་བཏབ་པ་སོགས་རང་གི་ནུས་པ་དང་བསྟུན་པའི་སྐུ་དྲིན་ཁྱེར་ཐབས་དེ་ཙམ་ལས་ནི་མ་གྲུབ། བླ་མ་འདིའི་ཕྱོགས་སུ་ལུས་ལོངས་སྤྱོད་གཏང་ནའང་ཆུངས་བ་ལས་མི་བདོག་སྟེ། ཇི་སྲིད་མ་ཤིའི་བར་དུ་མ་བརྗེད་པར་གསོལ་བ་འདེབས་པ་ལས་ཐབས་གཞན་མི་གདའ། ལོ་དེའི་ནང་དུ་སྡེ་ཆེན་འགའ་ཞིག་གིས་སྦྱར་དུག་མ་རུངས་པ་ཞིག་བཏང་བ་ལ་བརྟེན་ནས། ཟུག་གཟེར་ལ་སྲན་པའི་ཐབས་མེད་ཅིང༌། སེམས་འཁྲུལ་ནས་གནམ་ས་མགོ་གཞུག་མི་ཤེས་པ་ཞག་ལྔ་ཙམ་བྱུང༌། ནང་གཅིག་ཤིན་ཏུ་མ་བདེ་བར་འཆི་བ་ཡིན་ནམ་སྙམ། འཕོ་བ་ལྟ་བུར་འགྲོ་བསམ་ལམ་ཟབ་ཅིག་བསྒོམས་པས། བླ་མ་དྲན་དྲགས་འཆི་མ་མང་དུ་ཤོར་བས། བློ་བཟང་འཁྲིས་ན་ཡོད་པའི་མནོ་བསམ་ལ་ང་ཟུག་མ་བཟོད་པར་ངུ་བ་ཡིན་ནམ་བསམས་པ་འདྲ། བླ་མ་ཡིན་པ་ལ་ཐུགས་དམ་ལ་འཇོག་དགོས་ཟེར་ཆོས་བཤད་མང་པོ་བྱས་བྱུང༌།