R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༡
[A:༡༢༡]སྔགས་རྣམས་ཀྱང་སྔར་ཁོ་ན་བཞིན་བཟླས། ལོ་དེའི་ཟླ་བ་བཅུ་གཅིག་པའི་ནང་དུ་ནུབ་ཅིག་ས་སྲིབས་ཙམ་ལ་རྐང་པ་གཡོན་གྱི་ན་ཚ་ཡོད་པ་འདི་ན་སྔར་དང་མི་འདྲ་བའི་ཚ་དབལ་དྲག་པ་སྲན་མི་ཐུབ་པར་འཁྱུག་ཅིང་འཁྲིག །ཁབ་བཙུགས་པ་ལྟར་ཀར་ཀར་བ་དང༌། ཆུ་ཁོལ་བ་ལྟར་ལོང་ལོང་བྱེད་པ་ཞིག་འདུག་པས་ལག་པས་བྱུགས་པས་སྲེབ་ཐུག་ཐུག་འདུག །མཚན་ཕྱེད་ཙམ་ལ་དགེ་བཤེས་ཕུར་པ་བྱ་བ་ཞིག་ཡོད་པ་ཐུན་གཏོར་འབུལ་དུ་བྱུང་བ་ན་མར་མེ་བཏེག་ནས་བལྟས་པས། སྦོམ་ཕྲ་སྨྱུག་གུ་སྦོམ་ཤོས་ཙམ་འབུར་པོ་རྣམས་ཀྱི་མདོག་དམར་ཤིག་གེ་བ། ཀྱོངས་རྣམས་ང་རང་གི་ཤའི་མདོག་ཏུ་ཡོད་པ་བཞག་འཁྱིལ་བ་ལྟ་བུའི་སྒོར་མོ་མེ་ལོང་ཆེན་པོ་ཙམ་ཞིག་འདུག་པ་དེ་མཐོང་མ་ཐག །དགེ་བཤེས་ཕུར་པའི་བྱད་སྦོབ་ཀྱི་སྐྲངས། དེ་ནས་རིམ་བཞིན་ལུས་ཐམས་ཅད་སྐྲངས་པ་ལ་ཚ་དབལ་བྱས། མཚན་ཡལ་ལེ་ཨ་ཙ་འབོད་དགོས་པའི་ན་ཚ་ཞིག་ཐེབས་བྱུང་བ། ངས་དབང་ཆུང་ཞིག་བྱས་པས་ཕན་སོང་བས། དགོད་བྲོ། ང་རང་གདོན་གྱིས་ཟིན་བཞིན་དུ་གཞན་ལ་ཕན་པ་སྙམ་པའང་བྱུང༌། སྦྲུལ་ལྟ་བུ་དེ་ཞག་ཁ་ཅིག་ནས་ཇེ་ཡལ་ལ་སོང་ནས་མི་སྣང་བར་གྱུར་མོད། ལར་ངེད་རང་ལ་ཆག་སྒོ་ཆེ་ཙ་ན་རྐང་པའི་ནད་འདི་ཐུ་རུ་འགྲོ། ཆག་སྒོ་མེད་དུས་ཚ་བེར་རེ་བ་ཙམ་ལས་མི་འབྱུང་བ་ཞིག་གདའ་བ། ནཱ་ག་རཀྵ་སོགས་ཀྱི་ཐུགས་དམ་དང༌། ལྷ་རྗེ་ཀྱིས་ཟེར་ཚད་བྱས་ཀྱང་ཕན་རྒྱུ་ནི་མི་གདའ། ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ལ་དྲིན་ཁྱེར་ཐབས་མེད་པའི་མ་རྒན་མོ་དེ་