R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༢
[A:༡༢༢]ཞི་བར་གཤེགས། དགུང་ཞག་ཞེ་དགུའི་བར། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཉིན་རེ་བཞིན་ཕུལ། སྐུ་གདུང་ལ་ཞུགས་འབུལ་བ། གདུང་ཚ་རྣམས་ཟབ་ཕུར་སྤྱན་འདྲེན་པ་ལོ་མ་འཁོར་གྱི་བར། ཟླ་བ་བྱུང་ངོ་ཅོག་གི་ཚེས་གཉིས་ལ་སྒྲུབ་མཆོད་གང་འོས་རེ་རྒྱས་པར་སྒྲུབ་པ་སོགས་དྲིན་ལན་གྱི་ཁུངས་ཆ་ཙམ་འཁྱོར་བར་བྱས་མོད། བསམས་ན་མ་འདིའི་དྲིན་འཁྱེར་བ་ལ་དཀའ་མོ་ཞིག་ཡོད་དེ། ནམ་ཞིག་བདག་གིས་བྱང་ཆུབ་མཆོག་ཐོབ་ནས། །ནམ་མཁའི་མཐས་ཀླས་འགྲོ་བ་སྒྲོལ་ནུས་པ། །དེ་ཚེ་མ་འདི་དྲིན་ལན་འཁོར་ལགས་མོད། །དེ་འདྲའི་གནས་སྐབས་སྨོན་པ་ཙམ་དུ་ཟད། །ལོ་ཉེར་དྲུག་ཏུ་སླེབ་པའི་བྱ་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་ལམ་དུ་ཞུགས་ཟབ་བུ་ལུང་མཇལ་དུ་ཕྱིན་སྐབས། ཡར་ལམ་ཞོང་ཞོང་དུ་གནས་སྐོར་ལ་ཕྱིན། གནས་མཇལ་ཞུས་པས། བཙུན་མ་འདྲེ་ཁ་མ་ཞིག་གིས་ཁང་ཐོག་ནས་བསྒྱུར་སྦྱང་དང་བཅས་སྒོ་འབྱེད་དུ་མ་ཉན། ནན་ཏན་དུ་ཞུས་པས་སྒོ་ཕྱེ་ཙམ་བྱུང༌། རིན་པོ་ཆེ་གདན་ས་བ་བྱ་བ་ཡིན་ཟེར་བའི་བཙུན་རྒན་ཞིག་གིས་རྟེན་བཤད་བྱས། ངས་ཁས་ཕྱུག་མང་པོ་དང༌། སྙན་དར་ཁ་རེ་ཕུལ་བས་མཉེས་པ་འདྲ་གནས་ཚང་ཡང་བཏང༌། ཁྱེད་ལ་ནེ་གུའི་ཕྱག་དཔེ་འདྲ་ཡོད་དམ་ཞུས་པས། ཡོད་གསུང༌། གཡར་པོ་དགོས་ཞུས་པས། ཅི་ཟེར་དོ་ནུབ་ལྟ་ནི་མི་ཐུབ། སང་ནི་ཁྱེད་འགྲོ། གནས་སྐོར་བ་ལ་དཔེ་ཆ་བསྐུར་བས་ངའི་དཔེ་ཁུངས་མེད་དུ་འགྲོའམ་གསུང་བ་ལ། མི་སྐྱོན་ངེད་ཤངས་ཆོས་འདི་ལ་མོས་པོ་ཞིག་བདོག་ནའང་དེ་སྔ་མ་ཐོབ། ཞོང་ཞོང་འདི་