R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༣
[A:༡༢༣]བླ་མའི་གནས་ཡིན་ཟེར་བས་རྟེན་འབྲེལ་ཅིག་བརྟག་པ་ལགས་བྱས་པས་དགོད་ཅིང་པོ་ཏི་ཞིག་ཁྱེར་བྱུང་ནས། ཆོས་དྲུག་རྡོ་རྗེ་ཚིག་རྐང་དང༌། ཕྱག་དྲུག་པའི་གཏོར་ཆོག་ཅིག་སྤྲད་བྱུང་བ། ངེད་རང་ལ་དཔེ་ཆ་འདྲི་ཆས་ཁྱེར་ཁྱེར་བ་ཡོད་པས་འཕྲལ་དུ་བྲིས་པས་ཁོང་མཉེས། འདིར་གནས་སྐོར་བ་མང་པོ་བྱུང་སྟེ་ཐང་ཆད་སྐུམ་སྟེ་ཉལ་མཁན་རྐྱང་མིན་པ་མི་ཡོང་བ་འདུག །ཁྱོད་དོན་གཉེར་བྱས་དཔེ་ཆ་འདྲི་ལུགས་དང༌། ཁ་ཏོན་བྱེད་ལུགས་སོགས་ཨ་ཐོ་ཞིག་འདུག །དབྱིབས་འདི་ལ་བལྟས་ན་སྐྱེ་ས་དྲག་པ་ཞིག་ཀྱང་ཡིན་པ་འདྲ་གསུང་བ་ལ། ཆོས་རྗེ་ཚར་བ་བྱ་བ་ཞིག་གི་གྲྭ་བ། སྟོང་མཐོན་པོ་ཡ་ནས་ཀྱི་བླ་ཆུང་ངན་དག་ཅིག་ལགས། གནས་གསར་བ་དང་ན་ནིང་ནས་ཡོན་མཆོད་འབྲེལ་པོ་ཡོད་པས་རྟ་འདི་ཁོང་གིས་རྟ་སྐྱེལ་མཛད་པ་ཡིན་བྱས་པས་གོ །ཁྱོད་ཀྱིས་དེ་ཙམ་ནུས་ནས་ངས་ཤིང་བྱིན་གྱིས་གསུངས་ཡི་གེ་མ་ཚར་བར་ཨོང་ཀོང་བཏང་ནས་སྐྱིད་དུ་བཅུག །ཕར་ཡང་ཞབས་ཏོག་འབུལ་བས་མཉེས་པར་བྱས། མགོན་ཁང་ཆུང་ངུ་དེའི་སྒོ་ལ་སྔས་བསྟད་ནས་ཉལ་བས། ནམ་ལངས་ཁར་རྨི་ལམ་དུ་ཁང་པ་དེ་ནས་མི་ཞིག་འཐོན་བྱུང་ནས། སྐད་གོ་རྒྱུ་མེད་པའི་པིར་པིར་འདྲ་ཟེར་ཞིང༌། ངའི་ཆོས་གོས་ཀྱི་དྲ་རྣམས་སུ་ལི་ཁྲིས་ཐིག་ལེ་རེ་རེ་བྱས་སོང་བ་ན་གཉིད་སད། རིམ་བཞིན་ཕྱིན་སྟག་སྣ་ན་གུང་ཚིགས་བྱེད་ཀྱི་ཡོད་པའི་ཚེ། ཕ་རྒན་གྲུབ་པ་ཅན་དེ་བསྙུང་བས། ཕྱིར་ཤོག་ཟེར་བའི་བང་ཆེན་སླེབ། ཟླ་བོ་བྱིངས་ཡར་བརྫངས། ངེད་མི་བཞིས་བཟའ་བཏུང་ཅི་ཡང་ཡིད་ལ་མ་བྱས་པར་སྟག་སྣ་ནས་ཉི་མ་ཕྱེད་ཡོལ་ལ་