R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༤
[A:༡༢༤]ཡོངས་པས་མྱུག་ཏུ་ཐོར་ཆ་ཟིན་པ་ལ་སླེབ། ཕ་རྒན་ཀྱང་སྐུ་ཁམས་གཞི་མེད་དུ་དྭངས་འདུག་པས་གོ་བཅད་པར་བྱུང༌། ཐུགས་ཀྱང་མཉེས་མཉེས་མཛད། སླར་ཟབ་བུ་ལུང་ལ་ཕྱིན་ནས་མཁར་ཆེན་རྩེའི་མདུན་དེ་ན་ཡར་ས་སྲིབས་པ་ལ་སླེབ། འོ་ཅག་རྣམས་ལ་ངོ་ཤེས་ནི་ཡེ་མེད། ས་ཕྱིས་པས་གནས་ཚང་མི་འབྱོར་རམ་ཟེར་གྲོགས་རྣམས་སེམས་ཁྲལ་དུ་སོང༌། བདག་གིས་རྟ་འདི་ལ་ཟ་རྒྱུ་ཞིག་བྱུང་ན། ངེད་རང་རྣམས་ནུབ་རེ་ཙམ་གར་ཉལ་ཡང་ཆོག་ཟེར་ཞིང་འགྲོའི་ཡོད་ཙ་ན། སྡེ་ཕྱོགས་དེ་ནས་བུད་མེད་ལོ་བཅོ་ལྔ་ཙམ་འགྲོ་བའི་སྤ་ལོ་མ་ཞིག་དང༌། བཙུན་མ་དེ་ཙམ་ཞིག་བསྡོངས་ནས་སླེབ་བྱུང་བ། ངེད་ཚོ་དང་འཕྲད་མ་ཐག་འོ་དེ་ག་ཡིན་ཟེར་ནས། ངེད་ཚོ་དང་བསྡོངས་ལོག་འགྲོའི་འདུག་པ་ལ། ངེད་ཀྱི་ཟླ་བོ་འདྲས་གང་ལ་ནི་འབྱོན་བྱས་པས་དོན་མི་གཅིག་བདོག་སྟེ་ད་ཡོང་བ་གདའ་ཟེར་ཞིང་དགོད། ངེད་རྣམས་ལ་གནས་ཚང་ཞིག་གནང་དགོས་བྱས་པས། ངེད་གཉིས་ལ་ཁང་པ་མེད་རོགས་བྱས་ནས་གཡར་གྱི་འདིར་ཤོག་ཟེར་ཁྲིད་ནས། ཁྱིམ་ཞིག་ཏུ་གནས་ཚང་གཡོར་རོགས་བྱས། ངེད་རྟ་བབས་ཙམ་ལ་དེ་གཉིས་ལ་བཟང་ལན་ཅིག་བྱེད་སྙམ་ཙ་ན་གར་སོང་རྩད་མ་ཆོད་པ་ཞིག་བྱུང༌། རིམ་བཞིན་མེ་ཚོར་དུ་སླེབ་ནས་ཞག་གཅིག་བསྡད། ཟབ་བུ་མདར་ཞག་ལྔ་བསྡད་ནས་ལྷ་ཁང་བར་པ་དེ་ལ་སྐོར་བ་གང་འགྲོ་དང༌། སྐུ་འདྲའི་དྲུང་ལ་ཉིན་རེ་ལ་ལེ་བདུན་གསོལ་འདེབས་དང་བསྟུན་པའི་ཕྱག་བརྒྱ་ཚར་རེ་བགྱིས། གངས་ཆེས་པ་ནས་གཏེར་ལུང་སོགས་བསྐོར་བའི་སྤྲོས་པ་ནི་མ་བྱུང༌། སྒྲུབ་ཆེན་འདྲས་ཆོས་སྐད་འདྲི་བ་ལ་རང་