R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༥
[A:༡༢༥]རེའི་གོ་ཚོད་དང་བསྟུན་པའི་ལན་བཏབ་པས་མཉེས། ཆོས་འབྲེལ་ཞུ་བའང་མང་པོ་བྱུང༌། དེའང་ཟླ་བོ་སྔོན་མ་ཚོ་གནས་སུ་སླེབས་ནས་ཞག་ཁ་རེ་སོང༌། ངེད་མི་ཡོང་བ་ཡིན་ནམ་སྙམ་དཔའོ་རྒན་པོ་ཞིག་ལ་ལྐོག་མོ་བཏབ་པས་དེ་ན་རེ། ཅི་ཡིན། མོ་འདི་ལ་ཕས་བྲག་ལ་ལམ་དོད་ནས། བུས་བྱེ་མ་ལ་ལམ་མ་དོད་པའི་མོ་ཞིག་བབས་ཟེར་སྨྲས་འདུག་པ། ཁོའི་མོ་དེ་མངོན་ཤེས་སུ་འདུག་སྙམ་པའི་ཡིད་ཆེས་གཏིང་ནས་སྐྱེས། པདྨ་རྒྱལ་པོའི་སྐུ་དྲིན་རྗེས་དྲན་ནས། །པདྨའི་སྒྲུབ་གནས་ཟབ་ལུང་དད་པས་བསྐོར། །པདྨའི་གསུང་གིས་ནམ་ཡང་མི་སླུ་བ། །པདྨའི་བྱིན་རླབས་རྒྱུད་ལ་འཇུག་གམ་སྙམ། །མར་ལམ་ལྕགས་པོ་རྩེ། པོ་ཏོག །སྲིན་འདུལ། འཇག་རྣམས་སུ་ཕྱིན། གནས་འབྲེལ་སྨོན་ལམ་ཡིད་ཆེས་པ་རེ་བྱས་ཤིང་མྱུར་ཏུ་སླེབ། ལོ་དེའི་ཟླ་བ་ལྔ་པ། ཆུ་དབར་ཉི་སྦུག་ཏུ་འབྲོའི་སྔགས་འཆང་མཁས་གྲུབ་དབང་པོ་འཇམ་དཔལ་བློ་གྲོས་ཀྱི་དྲུང་དུ་ཆོས་ཞུ་བར་བརྩམས་པ་ན་ཤངས་ཆུ་ཤིན་ཏུ་རྒྱས་པས་བགྲོད་མི་ཐུབ་ཟེར་བཤོལ་བར་བརྩམས་པའི་ནུབ་རྨི་ལམ་དུ་ལུང་པ་ཁ་ལྷོ་བསྟན་རི་སྐྱ་ཁྲོབ་བེ་བ་ཞིག་གི་ལྡེབས་ལ་ཁང་པ་ཉིས་ཐོག་རབ་གསལ་ཡོད་པ། དེའི་གཡབ་འཁོར་ཞིག་ན་བླ་མ་འབེར་མོ་བྱིན་ཅན་རཀྴའི་ཕྲེང་བ་བཟུང་བ་ཞིག་གི་དྲུང་ན་ང་འདུག་པ་ན། གཞོན་པ་ཞིག་གིས་རྒྱ་རཀ་གི་ཕྲེང་བ་རྙིང་པ་ཞིག་གཏད་ནས། འདི་ཁྱོད་རང་གི་དང་པོའི་ཐུགས་དམ་ཡིན། ད་དུང་བཟུང་ན་ཁེ་ཆེ་བ་འདུག་སྟེ། བློ་ཐེ་ཚོམ་ལས་མི་འདུག །ད་རེས་མ་བཟུང་ན། དེ་ནས་མི་ཟིན་ཟེར་བ་ཞིག་རྨི་བ་