R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༩
[A:༡༢༩]གྱི་མི་བདོག་བྱས་པས་ཁོང་མགུ་མོ་མི་གདའ། ཉེར་གཉིས་ལ་ཁྲི་ཐོག་ཏུ་བསྐོས། དེ་ཚེ་འཇའ་གུར་དང་མེ་ཏོག་གི་ཆར་པ། འབྲུག་མདུན་རིའི་སྟེང་ན་ཉལ་བ་སོགས་འདུག་ནི་ཟེར་མོད་བདག་རང་གིས་མ་མཐོང་བས་ཏིག་པོ་མེད། བཀྲ་ཤིས་ཀྱི་དུས་སྨུགས་པ་ཐམས་ཅད་འདུ་ཁང་གི་སྒོ་ནས་གཤོང་ཚད་དུ་སླེབ་བྱུང་བ་ནི་མཐོང་བས་རྟེན་འབྲེལ་ལེགས་པ་ཡིན་ནམ་སྙམ། དེ་རེས་ཟླ་བ་ཕྱེད་དང་གཉིས་ཙམ་བསྡད། དྲུང་པ་དཀོན་འཕངས་པ་བྱ་བའི་བགྲེས་པོ་ཇོ་བཟང་ཆོས་པ་རང་ཞིག་གདའ་བ་སོགས་གྲ་རིགས་ཀུན་གྱིས་བྱམས་པོ་མཛད་མོད། ཕལ་ཆེ་བས་གནས་གསར་པའི་བུ་ཡིན་ཟེར་ཨར་གོག་གི་མཐོང་དང༌། བྲེད་ཞུམ་མེ་བ་མ་གཏོགས། དགེ་བའི་གཤེས་གཉེན་རང་དུ་ནི་དེ་སྐབས་མ་མཐོང་བ་འདྲ་མོ་ཞིག་གདའ། དགོན་པ་དེ་ན་རྒྱུད་འབུམ་ཞིག་བཞུགས་ཀྱི་འདུག་པས། ངེད་རང་གི་ཟླ་བོ་བཀའ་བཅུ་པ་བྱམས་རབ་ཟེར་བ་དེང་སང་རྣམ་རྒྱལ་རབ་བརྟན་གྱི་སློབ་དཔོན་མཛད་པོ་འདི་ལ་བླ་མེད་ཀྱི་རྒྱུད་ཀྱི་ལུང་རྫོགས་པ་ཞིག་བྱས། སྡིངས་མ་བ་རྣམས་ཀྱིས་ཀུན་རིག་མཛད་པ་མཐོང་བས། ཆོ་ག་འདི་ཙམ་ལའང་བཅས་བཅོས་དགོས་པ་མང་པོ་ཞིག་འདུག་སྙམ་པ་བྱུང་ངོ༌། །འདི་ན་བློ་ཆུང་བདར་མའི་སྐྱེ་བོ་རྣམས། །རྒྱ་མཚོའི་ཁ་དོག་མཐོང་བས་སྐྲག་པ་བཞིན། །ངེད་ཀྱི་མིང་ཙམ་ཐོས་པས་སྐྲག་གྱུར་པ། །རྒྱུས་མེད་སྐྱེ་བོ་ཁྱོད་ལས་བདེན་པ་སུ། །འཕྲད་མ་ཐག་ཏུ་རང་མཚང་མི་སྟོན་ལ། །རིམ་གྱིས་བསྟན་ཚེ་ངེས་ཤེས་སྐྱེ་འགྱུར་བ།།འདི་འདྲ་སྐྱེ་བོ་ཡ་རབས་