R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༠
[A:༡༣༠]ཀུན་གྱི་སྲོལ། །ཁྱོད་རྣམས་ཚུར་གཤེགས་རིམ་གྱིས་ལྟ་བར་གྱིས། །ས་ཕྱོགས་དེའི་སྐྱེ་བོ་ཕལ་ཆེན་དད་པ་ཆེ་བ། དད་པའི་རྗེས་འབྲང་ཁོ་ན་ཤས་ཆེ་བར་གདའ་ཞིང་དགེ་འདུན་ཕལ་ཆེར་ཚུལ་ཁྲིམས་གཙང་པོ་ཤ་སྟག་འདུག་པའི་ཞིང་དག་ཅིང་གདའ་ནའང༌། དུས་ཀྱི་དབང་ལས། ཧོར་དང་ཁད་ཉེ་ཞིང༌། དེ་པ་དང་ཡོན་མཆོད་ཡིན་ཟེར་འབྲེལ་ཆེན་པོ་བྱས་པ་ཞིག་འདུག་པ་དང༌། ཁམས་པའི་ཡོན་བདག་རྣམས་ལའང་བཞུགས་གྲལ་སོགས་འཕྲལ་དུ་དགོས་པའི་བསུན་པོ་ཞིག་འདུག་པ་ནས། མྱུར་དུ་བོར་དགོས་བསམས་པ་ཁོ་ན་བྱུང་མོད། གང་མི་ཡོག་པའི་དོའི་དཔེས། སླར་བསྲེག་ཤིང་རིན་ཅེན་སྒང་ཡང་ལོ་དེ་ལ་ག་འཛིན་དགོས་པ་བྱུང་ནའང༌། དེ་ལོ་ནི་དེར་མ་སླེབ། ལོ་ཚེས་པའི་དབྱར་ཆོས་ཀྱི་ཐོག་ཏུ་སླེབ། པོ་པོ་དགྲ་ལྷ་བྱ་བ་ཁས་འཕྱུག་དང་ཤེས་སྒོ་ཆེ་བའི་ཚད་ཐུབ། གྱོད་རྒན་གཏམ་ལབ་པ་ཞིག་འདུག་པ་དེ་སོགས། གྲྭ་རིགས་ཀུན་གྱིས་གཞིས་ལེན་བསྙེན་བཀུར་སྤྱི་སྒོས་ནས་གཟབས་ཐག་ཆོད་པ་མང་པོ་བྱས། ཐ་ན་སྔ་ཆབ་ཕྱི་ཆབ་ཚུན་འདུལ་བའི་ཕྱག་ལེན་ཁྲིག་ཁྲིག་པ་དང་སིང་སིང་ཞིག་གདའ་བས་དགའ་བ་ལ་བསམ་པའང་བྱུང༌། དེར་སླེབ་པའི་ནུབ་གཡག་རོག་པོ་ཆེན་པོ་ཞིག་རྒོལ་བའི་ཁུངས་བྱས་བྱུང་བ་མགོན་གཡག་བྱེད་ཟེར་ནས་བཟུང༌། ཕྱེ་མར་བྱིན། མགོན་པོའི་གཏོར་མ་མགོ་ཐོག་ཏུ་བཞགས་ནས་བཀའ་བསྒོ་བྱས་པའི་རྨི་ལམ་གསལ་པོ་ཞིག་བྱུང༌། ལར་ངེད་གར་སྡོད་ས་དེའི་གཞི་བདག་ཕལ་ཆེ་བས་རྨི་ལམ་དུ་དབང་རེ་ངེས་པར་ཞུའི་གདའ་བས་ཡིན་ནམ། གང་ཕྱིན་སར་སྐྱིད་པ་དེ་ག་