R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༡
[A:༡༣༡]མིན་པ། འཚུབ་བྱུང༌། མི་ན། རྟ་ན་ཟེར་བ་རང་ཆེར་ཡོང་མ་དྲན། འདུལ་འཛིན་མཁས་པས་བསྐྱངས་པའི་འདུལ་གྲར་སླེབ། །མཐུ་ཆེན་གཞི་བདག་དྲགས་པ་དམ་ལ་བཏགས། །ཕྱོགས་དེའི་གནས་ཚུལ་ངེས་པ་ཙམ་བགྱིས་ཏེ། །དགུང་ཞག་བདུན་བསྡད་རང་གི་གནས་སུ་འོངས། །དེ་ནས་བཀའ་བརྒྱུད་བསྟན་པའི་བདག་པོ་འབྲུག་པ་གཅུང་སྨྱོན་དེ་ལ་མི་ཕྱེད་པའི་དད་པ་ཞིག་ཡོད་པ་དང༌། ཐུགས་ཀྱང་མཉེས་པོ་ཞིག་ཡོད་པ་ནས་ཤོག་གསུངས་པའི་བཀའ་ལུང་བཀའ་དམ། དངོས་དང་རྨི་ལམ་དུ་ཡང་ཡང་བྱུང་བ་ནས། ལོ་ཉེར་བདུན་ལོན་པའི་ཁྱི་ལོ་ཟླ་བ་ལྔ་པའི་ནང་དུ་ར་ལུང་ལ་ཕྱིན་ནས་ཟླ་བ་ཕྱེད་དང་གསུམ་ཙམ་བསྡད། བླ་མ་དེས་ལུགས་གཉིས་ནས་རང་གི་སྲས་ལ་ཇི་ལྟར་མཛད་པ་བཞིན་གྱི་བརྩེ་བས་བསྐྱངས། བདེ་མཆོག་སྙན་བརྒྱུད་དང༌། ནཱ་རོ་ཆོས་དྲུག་ཉམས་ཁྲིད་དུ་གཙོ་བོར་ཞུས། རོ་སྙོམས་དཀོར་མཛོད་ལེའུ་དྲུག་པ་སོགས་ཞོར་ཉན་གྱི་ཚུལ་དུའང་གསུང་ཆོས་མང་པོ་ཞིག་ཐོབ་ལ། ནཱ་རོ་ཆོས་དྲུག་ལ་གསུང་ཇི་ལྟ་བའི་ཟིན་བྲིས་ཤིག་ཀྱང་བྱས། དེ་ཚེ་རྒྱལ་དབང་སྤྲུལ་སྐུ་གསུམ་པ་སྤོས་སྐྱ་ཚེ་རིང་མ་ན་སྒར་མཛད་བཞུགས་པའི་དྲུང་དུ། རྟེན་འབྲེལ་རྫོགས་པ་དང༌། དཀོན་མཆོག་བརྩེགས་པའི་ལུང༌། རྗེ་ཡབ་སྲས་ཀྱིས་གསན་པའི་ཕྱག་ཕྱི་བྱས་ཐོག་སྐབས་ཤིག་སྤྲུལ་སྐུ་རིན་པོ་ཆེའི་དྲུང་ན་ཕྱོགས་ཀྱི་བཀའ་བཅུ་རབ་འབྱམས་པ་མང་པོ་ཞིག་ཚོགས་པའི་གྲལ་ཆེན་ཇ་བུར་གྱི་བཀོད་པ་རྒྱས་པ་དང་བཅས་པ་ཞིག་གི་ཚེ་ཁོང་རྣམས་ཕྱག་རྒྱ་ཆེན་པོ་དང༌། ཨྱོན་བསྙེན་སྒྲུབ་ཀྱི་ཉམས་ལེན་རྟགས་བསལ་དུ་བཀོད་པའི་སྒྲོ་གླེང་