R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༤
[A:༡༣༤]ཁོག་ཆུང་ལ་ཁ་རྡར་བ་བློ་མི་བརྟན་ལ་འགྱུར་སྐྱེན་པ་ཞིག་ཡོད་པ་དེས། རྗེ་ས་པཎ་ལ་འབོད་པ་དང་བཅས། ངེད་ལ་སྐུར་འདེབས་ཟུར་ཟ་མང་པོ་བྱས་མོད། སྔོན་ཚེ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས། །རལ་པ་ཅན་གྱི་ཆ་ལུགས་བཟུང་ལགས་མོད། །སྐྱབས་གསུམ་བཀའ་རྟགས་ཕྱག་རྒྱ་མ་བོར་བས། །མུ་སྟེགས་ཡིན་ཞེས་སྨོད་མཁན་སུ་ཡང་མེད། །ཁོ་བོས་བླ་མའི་དམ་ཚིག་གཞུང་སྲོང་ཕྱིར། །རེ་ཞིག་སྒོམ་ཞྭའི་ཅོད་པན་བཅིངས་ལགས་མོད། །ཉམས་ལེན་གྲུབ་མཐའ་གཞན་དུ་མ་འགྱུར་བས། །ཤེས་ལྡན་སྐྱེ་བོས་ལྟས་ན་ཅི་ཞིག་སྨོད། །རྟ་དྲེལ་ཙམ་ལ་གྲུབ་མཐའ་བློས་གཏོང་ཞིང༌། །སྡོམ་གསུམ་ཐོབ་པའི་བླ་མ་རྒྱབ་བོར་ནས། །ལྟོ་ཕྱིར་དུང་དུང་བརྒྱུག་པའི་དད་ཅན་ཁྱོད། །མཁས་བླུན་སྐྱེ་བོས་ཁྲེལ་གནས་མ་ཡིན་ནམ། །བློ་ཆུང་གདན་ཆུང་མཐོན་པོར་བཞག་པའི་ཚེ། །ང་རྒྱལ་དབང་གིས་དཔོན་པོ་ཁྱད་དུ་གསོད། །རྩ་བའི་གྲུབ་མཐའ་དར་ཚེ་སྙིང་རླུང་ལང༌། །ལུགས་གཉིས་ཕྱི་ཐག་མང་ཚེ་སྙིང་རེ་རྗེ། །ཕྱིས་སུ་བླ་མ་འདི་ངེད་ལ་གསུང་ཆོས་མང་པོ་ཞིག་གསན་གསུང་བཀའ་ལན་ཅིག་མིན་པར་ཕེབས་བྱུང་མོད། ཡེ་མ་ཕུལ། ཅིས་ཀྱང་མ་གསན་པར་འབུལ་དགོས་བྱུང་ན་དེ་དང་བསྟུན་ཞུ་གྲོལ་ཅིག་ཞུ་སྙམ་པ་མ་གྲུབ་པའི་ངང་ནས་ཞི་བར་གཤེགས། ཇི་ལྟར་དྲག་སྙམ་སེམས་ལ་མི་བཟོད་པ་ཆེན་པོ་བྱུང་བའི་ཚེ། སྟག་ལོ་ཟླ་བ་བརྒྱད་པའི་ཚེས་བཞིའི་ནུབ་རྨི་ལམ་དུ་བླ་མ་དེ་དང་མཇལ་ཞྭ་མོ་དམར་པོ་ཡུག་ཤིན་ཏུ་ལེགས་པ་ཞིག་གནང་བྱུང་ནས།