R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༦
[A:༡༣༦]ཅན་དེ་ངོ་མཚར་བའི་ལྟས་དང་བཅས་ཆོས་ཀྱི་དབྱིངས་སུ་གཤེགས། གཞན་ཡང་མི་འདོད་པའི་རྐྱེན་མང་པོ་སྤུངས་པ་བཞིན་བྱུང་ནའང༌། ཅི་ནུས་ཀྱིས་དགེ་སྦྱོར་དུ་བསྲལ། དགུང་ཞག་གི་བར་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་ཞག་བདུན་ན་སྟ་གོན་སྐྱོར་བ་སོགས་གཞན་ཕན་བདུད་རྩི་ལྟ་བུར་གསོལ་བ་བཏབ། ལོ་དེའི་དཔྱིད་མ་དྲིན་ཆེན་དེའི་ནང་རྟེན། རྒྱལ་བ་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོའི་སྐུ་འདྲ་གསེར་སྐུ་ཞིག་བཞེང་པའི་སྲུང་འཁོར་དང༌། གཟུངས་ཐམས་ཅད་ལག་རིས་སུ་བྲིས། རྟེན་གྱི་བྱ་བ་ཡོངས་སུ་རྫོགས་ནས། དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་རབ་གནས་རྒྱས་པ་ཚར་བདུན་ཕུལ་བའི་ཚེ། མེ་ཏོག་གི་ཆར་ཁ་བ་ལྟར་བབས། མར་མེའི་ཕྲེང་བ་ཁོར་ཡུག་ཏུ་བཟུང༌། ཞི་རྒྱས་ཀྱི་སྦྱིན་སྲེག་གི་ཐབ་ནང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆོ་ག་ཕྱེད་ཙམ་མ་ཚར་བར་བཀྲ་ལམ་མེ་གནས་པ་དང༌། རྒྱས་པའི་ཐབ་ཁུང་དུ་ཡེ་ཤེས་པ་སྤྱན་དྲངས་པའི་དུས། རྗེ་བཙུན་རྡོ་རྗེ་འཆང་དེ་ཉིད་མཆོད་ཚོགས་རྒྱ་མཚོ་ལྟ་བུའི་དབུས་ན་གཟི་བརྗིད་དང་བཅས་ཡེ་རེ་རེ་བྱོན་བྱུང་བ་ཕ་གྲུབ་པ་ཅན་དེས་མངོན་སུམ་དུ་གཟིགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཞིག་བྱུང་ངོ༌། །ལོ་དེའི་དགུན་སྡིངས་མ་དགོན་པར་ཕྱིན། དད་པ་ཅན་དེ་དག་གིས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར། བྱང་གཏེར་གྱི་ཐུགས་སྒྲུབ་རྣམ་གསུམ་གྱི་དབང་ལུང་ཁྲིད་དང་བཅས་པ་ཞིག་གཞིར་གནས་ཀྱི་སྐྱ་སེར་རྣམས་ལ་འབུལ་གྱི་ཡོད་པའི་ཚེ། གྲུབ་ཆེན་