R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༧
[A:༡༣༧]བསོད་ནམས་ལེགས་པ་བྱ་བས་ཞུས་ནས་སྐྱ་སེར་ཤིན་ཏུ་མང་པོ་ལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཁྲིད་ངོ་སྤྲོད་རྒྱས་པར་བྱས་པས། སྲོག་གཅོད་སྤོང་བ་སོགས་དགེ་སྡིག་གི་འདོར་ལེན་བྱེད་པ་མང་པོ་བྱུང༌། དེར་ཡོད་པའི་སྐབས་སུ་རྨི་ལམ་ལ་མྱུར་དུ་འགྲོ་བའི་ལྟས་ཤིག་གསལ་བར་བྱུང་བ་དང༌། སྔ་མོ་ཞིག་གི་དུས་ཀྱང་ལོ་ཉེར་བདུན་ལ་འཆི་བའི་ལུང་བསྟན་གསལ་པོ་ཞིག་ཀྱང་ཡོད། དེ་ལོ་མོ་ཕྱ་པྲ་མཁན་ཀུན་ཡང་དོག་ཆ་ཆེ་ཟེར་གྱི་ཡོད་འདུག་ནའང༌། དེ་རིགས་ལ་བརྩི་བའི་ཚན་མིན་ཏེ། སྒོར་མ་ནས་ལེགས་པོ་ཞིག་མི་འདུག་པ་ནས། མྱུར་བར་མྱུག་ཏུ་འོངས་པའི་མཚམས་བསྡམས། རྩ་བའི་བླ་མ་རྣམས་ལ་དུས་མིན་འཆི་བཟློག་གསོལ་འདེབས་ཤིག་ཀྱང་བགྱིས་བདོག་པའི་དངོས་པོ་ཐམས་ཅད་གཙོ་བོར་ཕ་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞབས་སོགས་བླ་མ་རྣམས་ཀྱི་དྲུང་དང༌། དགེ་འདུན་གྱི་སྡེ་ལ་སྤོང་དག་ལ་བཏང༌། མཚམས་དམ་པོ་ལ་བསྡད་པའི་དགེ་སྦྱོར་བགྱིས། འཆི་ཆོས་གཤའ་མ་མ་བྱས་ཆོས་པ་རྣམས། །འཆི་ལྟས་བྱུང་ཚེ་ཚེ་སྒྲུབ་མ་བྱས་ན། །འཆི་བ་འོད་གསལ་གསལ་བར་མི་ཟིན་ཕྱིར། །འཆི་དུས་བྲེད་དངངས་དངངས་སྐྲག་འབྱུང་བར་ངེས། །ལོ་དེའི་མཇུག་ནས་ཕག་ལོ་ཟླ་བ་བཅུ་གཅིག་པའི་བར་ཏེ་ལོ་ཁྱིར་བ་ཞིག་མཚམས་ལ་བསྡད། ཁ་ཏོན་ཀྱང་ཤིན་ཏུ་འཕེལ། ལུགས་གཉིས་ནས་ཟིར་ལང་ཡེ་མེད་དལ་ལ་སྐྱིད་པ་ཞིག་བྱུང༌། ལོ་ཉེར་བདུན་ལོན་པའི་ཕག་ལོའི་སོས་དེ། ཕ་གྲུབ་པ་ཅན་དེས་ཐེག་མཆོག་ཕོ་བྲང་དུ་ལམ་ཟབ་བརྒྱུད་པ་བཞེངས་པ།