R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༨
[A:༡༣༨] དུས་ཀྱི་དབང་ལས་ཞིག་པའི་སྐུ་ཚབ་ཏུ་ཆུག །ཕྱོགས་འདི་ན་རྗེ་བཙུན་ས་སྐྱ་པའི་བསྟན་པའི་གཟུགས་བརྙན་ཙམ་ཡང་དར་པོ་མི་གདའ་བས་བསྟན་པ་རིན་པོ་ཆེ་མེ་དར་ཆུ་དར་གྱི་རྟེན་འབྲེལ་ལ་དམིགས། ལམ་ཟབ་བརྒྱུད་པའི་བླ་མ་ཉི་ཤུ་རྩ་གཅིག །མགོན་པོ་ཆེ་ཆུང་དམར་པོ་སྐོར་གསུམ་དང་བཅས་པ་དང༌། བྱང་གཏེར་པའི་གྷུ་རུ་ཞི་དྲག །སངས་རྒྱས་སྟོང་སྐུ་སོགས་བྲིས་སྐུ་སུམ་ཅུ་རྩ་ལྔ་ཙམ་ཞིག་བཞེངས་ཤིང་རབ་གནས་ཀྱི་བར་མཐར་ཕྱིན་པ་དང༌། བཟོ་བོ་རྣམས་ལའང་རེ་བ་རྫོགས་པའི་འབུལ་བ་ཞབས་ཏོག་བགྱིས། མཚམས་དེ་གྲོལ་མཚམས་རིན་ཆེན་སྒང་དུ་ཕྱིན། རབ་འབྱམས་པ་མང་ཐོས་བྱ་བའི་བགྲེས་པོ་ཐུགས་དམ་པ་ཆོས་མཐུན་ཞིག་གདའ་བ་དེས་ཀྱེ་རྡོ་རྗེའི་དབང་ཞིག་གསོལ་བ་བཏབ་མོད། ལོ་ཁ་ཡར་ཆོས་མི་བཤད་སྙམ་པ་ཞིག་བདོག་པ་དེས་ཁས་བླངས་མ་བྱས་པའི་ནུབ། རྗེ་བླ་མ་རྡོ་རྗེ་འཆང་དེ་དང་རྨི་ལམ་དུ་མཇལ། ཆོས་རྗེ་པའང་དབང་བྱས་པས་ཡོང་ཙ་ན་མི་བྱེད། འོ་ཅག་ཀ་འདི་འདྲ་ད་ཡོང་གསུང་བ་ཞིག་བྱུང་བ་ནས་རྒྱུ་དབང་རྒྱས་པ་ཞིག་ཕུལ། དེ་ནས་བཟུང་དབང་དགོས་ཟེར་ཚད་ལ་དཀའ་ལས་ལ་མ་ལྟོས་པར་འཕྲལ་བསྒྲུབས་བྱས་པ་ཡིན་ནོ། །མཚན་ཉིད་མི་ལྡན་བདག་གི་དབང་བསྐུར་ལ། །རྒྱ་ཆེན་ཕན་ཡོན་འབྱུང་བ་ཅི་ཞིག་སྲིད། །འོན་ཀྱང་མཆོག་གི་བླ་མས་རྗེས་གནང་ནས། །རབ་འབྱམས་དབང་གི་ཆུ་བོ་ཁོ་བོས་སྤེལ། །དེའི་སྟོན་ཤངས་མཐོང་སྨོན་ན་མཚམས་དམ་པོ་བྱས་ཡོད་པའི་ནུབ་ཅིག་རྨི་ལམ་དུ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པ་ཞིག་དང་འཕྲད་བས་ཐེ་ཚོམ་མ་བྱེད་ཟེར་བའི་ལུང་བསྟན་གསལ་བ་ཞིག་བྱུང༌།