R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༠
[A:༡༤༠]ཆེར་ཞུས་ཤིང་ཉམས་སུ་མྱོང༌། གཞན་ཡང་དགོངས་པ་ཀུན་འདུས་སོགས་ཆོས་བཀའ་དུ་མ་ཞག་ཉེར་ལྔའི་བར་ཞུས་སོ། །ལོ་ཉེར་བརྒྱད་ལོན་པའི་བྱི་ལོའང་ཟླ་བ་བརྒྱད་ཀྱི་བར་མཚམས་ཁོ་ན་ལ་བསྡད་པའི་དགེ་སྦྱོར་བགྱིས། དེ་ལོའང་བདག་གི་ནུ་བོ་དད་གུས་ཀྱི་ཞིང་ས་གཤིན་ལ། མཁྱེན་རབ་ཀྱི་སྡོང་པོ་རྒྱས་པ། དཔའ་རྩལ་གྱི་གཡུར་ཟ་བ་ཞིག་བདོག་པ་དེ། སྐུ་ཚེ་ལོ་ཉེར་ལྔ་ལས་མི་ཐུབ་པའི་ལུང་བསྟན་བྱུང་བ་ནས། ཚེ་དབང་བརྒྱ་ཚར་ཞིག་ཕུལ་བས་ཟླ་བ་དྲུག་སྐུ་ཚེ་བསྲིངས། དེ་ཙམ་ནས་ཚེ་དབང་འདྲ་བྱས་ན་ནུར་སྒྱོང་ཡོང་རེ་ནའང༌། གཞན་དབང་གྱུར་ནས་བྱ་ཐབས་མ་བྱུང་བ་ལྟར། དུས་ལས་ཡོལ་བ་སོགས་སྣང་ཚུལ་མང་པོ་ཞིག་གིས་སེམས་སྐྱོ་བའི་ཚད་ཐུབ་པ་ཞིག་བྱུང༌། དཔལ་འཁོར་ལོ་ཆེན་པོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཞག་རེ་དགུའི་བར་ཕུལ། ཞག་བདུན་བདུན་ནས་དཀྱིལ་འཁོར་སྤོད་པ་དང་མཉམ་དུ་ཞི་བའི་སྦྱིན་སྲེག་ཀྱང་ཅི་མང་རེ་སོགས་སྡིག་པ་སྦྱོང་བའི་ཐབས་ཡིད་ཆེས་པ་ཞིག་བགྱིས། ལོ་དེའི་ཟླ་བ་བཅུ་གཉིས་པ་སྡིངས་མ་དགོན་པར། གྲུབ་པའི་དབང་ཕྱུག་སྣར་མོ་ཆོས་རྗེས་ནན་གྱིས་བསྐུལ་ནས་པདྨ་གླིང་པའི་གཏེར་ཆོས་ཚེ་སྒྲུབ་རྡོ་རྗེའི་ཕྲེང་བའི་སྒྲུབ་ཆེན་ཞག་བདུན་པ་ཞིག་བགྱིས་པ་ན། ཞག་གསུམ་སོང་བའི་ཚེ་འགོང་པོའི་ཆོ་འཕྲུལ་བློ་ལས་འདས་པ་ཞིག་ཀྱང་བྱུང༌། སྨན་སྒྲུབ་ཀྱི་ཤར་གྱི་ཐོད་པ་དེའང་མནྫའི་སྟེང་ནས་འདྲིལ་འདུག་པ་སོགས་བར་ཆད་ཀྱི་མཚན་མ་ཁ་རེ་བྱུང་བ་ན། འཇིགས་པ་དང་ཐེ་ཚོམ་མེད་པར། དབང་དྲག་པདྨའི་དྲག་