R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༩
[A:༡༣༩] ཅི་ཡིན་ནམ་སྙམ་ཡོད་པའི་དུས། སང་དགོངས་དེ་ངེད་རང་ལ་ཆོས་འབྲེལ་ཡོད་ཙམ་གསན་པའི་ཆོས་རྗེ་སྨོན་ལམ་པ་བྱ་བ་ཞིག་ཡོད་པ་དེ་བྱོན་བྱུང་བས་གསང་སྟབས་སུ་མཚམས་ཁོག་ཏུ་མཇལ། རྡོ་རྗེ་གླིང་པའི་གཏེར་ཆོས་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་ལུང་རྣམས་ཡིད་ཆེས་པར་ཞུས། དེའང་བླ་མ་འདིས་བླ་མ་བརྒྱ་དང་གཉིས་བསྟེན་ནས་བཀའ་འགྱུར་རོ་ཅོག་ལ་སོགས་པ། གསན་པ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ་ལྟ་བ་ནམ་མཁའ་ལྟ་བུ་ཀློང་དུ་གྱུར་ཀྱང་བདེ་མཆོག་གི་ཡི་གེ་བདུན་པ་དང༌། མ་ཎི་དུང་ཕྱུར་ཁ་རེ་བགྲངས་གནམ་ལྕགས་ཀྱི་ཐོག་དབུ་གཙུག་རང་དུ་བབས་པ་བརྡར་ནས་ཙོག་པུར་བཞུགས་པའི་གསུམ་ཕྲག་ནས་ཐལ་སོང་ཀྱང་བ་སྤུ་བཞོབ་ཙམ་ལས་མ་བྱུང་བ་སོགས་ལུང་རྟོགས་ཀྱི་ཡོན་ཏན་དུ་མ་མངའ། འཕྲལ་ཀྱང་འཇིག་རྟེན་ཆོས་བརྒྱད་ཧྲུལ་པོར་ཞིག་པའི་སྦས་པའི་རྣལ་འབྱོར་ཆེན་པོ་ཞིག་ཡིན་ལ། བླ་མ་འདི་ལས་སྔ་ཕྱིར་ཆོས་ཀྱི་སྐུ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་ཐོབ་པས་བདག་ལ་དྲིན་ཤིན་ཏུ་ཆེ་བར་བྱུང་བས་ལུང་བསྟན་གྱིས་མ་བསླུས་པ་ཡིན་ནོ། །དེའི་དགུན་ངེས་པར་གྲུབ་པའི་དབང་ཕྱུག་དཀར་རྩི་རྟོགས་ལྡན་སྡེ་པ་ནས་ཀྱིས་སྤྱན་དྲངས་མཐོང་སྨོན་དུ་ཕེབས་སྐབས་དེ་སྔའང་གསུང་ཆོས་ཐོར་བུ་ཐོབ་པས་དད་པོ་ཡོད་ནའང༌། ངེད་སྡིངས་མར་སླེབ་པ་དང་ཐུག་མཇལ་མ་ཐུབ་དོགས་པ་ལ། བླ་མ་དེའི་ཞལ་ནས་ངེད་ཀྱི་ནི་གུ་འདི་ཁོ་ལ་སྤྲད་ང་འཆི་རུ་འགྲོ་རྒྱུ་ཡིན་གསུང་བསྒུག་སྡོད་མཛད་ཀྱི་ཡོད་འདུག་པ་ནས་འཕྲལ་དུ་འོངས། ཤངས་ཆོས་རྗེ་ཉིད་ལ་མངའ་བ་ཕལ་