R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༨
[A:༡༤༨]ཕྱིན་པས། མཉེས་བཞིན་དུ་སྡོད་གསུངས་ནས་ཟླ་བ་བཞིའི་བར་དུ་ཞབས་ཕྱིར་བསྡད། ཕྱག་དཔེ་དཔེ་ཁང་ན་བཞུགས་པའི་པོ་ཏི་སྟོང་ཕྲག་ཕྱེད་གཉིས་ཙམ་བསྒྲིགས་གདོང་དར་དཀར་ཆག་སོགས་ཀྱི་ཕྱགས་ཕྱི་བྱས། རྗེ་བླ་མ་གྲུབ་བརྙེས་སྡོམ་བརྩོན་ཆོས་ཀྱི་འབྱུང་གནས་དགེ་སློང་ངག་དབང་ཞབས་ལས་གསར་རྙིང་དང་འབྲེལ་བའི་དབང་ལུང་མང་པོ་ཞུས། ཕར་ཀྱང་དགོངས་བཞེད་དང་བསྟུན་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཕུལ། གཞན་ཡང་རྗེ་འུག་པ་ལུང་པ་དང༌། ཤམ་བྷར་མཁན་རིན་པོ་ཆེ་ནང་སོ་མཚོ་བོ་ནས་སོགས་དད་ལྡན་མང་པོ་ལ་སོ་སོའི་བཞེད་པ་དང་བསྟུན་པའི་དབང་ལུང་མན་ངག་ཉིན་མཚན་མི་ཕྱེད་པར་ཕུལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྫོང་དཀར་བའི་ཞབས་ལས་ཀྱང་རྒྱུ་ལམ་སོགས་སྐུ་དྲིན་ཅུང་ཟད་ཐོབ་ཅིང་མི་ཕྱེད་པའི་དད་པས་རྒྱུད་བརླན་པར་གྱུར། ལོ་འདྀ་ནང་དུ་རོང་པོ་བྱང་ཆུབ་དཔལ་དང༌། སྦྱིན་པ་དཔལ་སོགས་ཀྱིས་ཞུས་པའི་ངོར། མགོན་པོ་དམར་པོ་སྐོར་གསུམ་གྱི་ཐུན་མོང་མན་ངག་ཅི་རིགས་པའི་ལུང་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཚར་གཉིས། མཁའ་འགྲོ་རྒྱ་མཚོའི་དབང་ཚར་གཉིས། སྡོམ་ཆེན། སྦྱངས་པའི་ཡོན་ཏན། གདུགས་དཀར་ཞེ་གཉིས་མ། ཀྲྀ་ཡའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ཕུར་པ་ས་ལུགས་འཇམ་པའི་རྡོ་རྗེ་ས་ལུགས་སོགས་དབང་མང་པོ་དང༌། དམར་མོ་སྐོར་གསུམ། དམར་པོ་སྐོར་གསུམ། དམར་ཆུང་མ་སྐོར་གསུམ་སོགས་རྗེས་སུ་གནང་བ་དང་བྱིན་རླབས་མང་པོ། རོ་སྙོམས་སྒང་སྒྲིལ། ནེ་གུའི་ཆོས་དྲུག །ཕྱག་ཆེན་གའུ་མ།