R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༩
[A:༡༤༩] ཐུགས་རྗེ་ཆེན་པོའི་དམར་ཁྲིད། སྐྱོ་ལུགས་ཀྱི་རྭ་རྩེ་སེམས་འཛིན་སོགས་ཁྲིད་མང་པོ། ཐུགས་སྒྲུབ་རྣམས་གསུམ་དང༌། རྟ་མགྲིན་ཡང་གསང་ཁྲོས་པ་སོགས་རྙིང་མའི་དབང་ལུང་བསམ་གྱིས་མི་ཁྱབ་པ་ཞིག་ཀྱང་བགྱིས་ལ། ལོ་དེའི་ཟླ་བ་བཅུ་གཅིག་པ་ལ་གཡང་ཡུལ་སྐྱིད་པའི་ལྗོངས་སུ་སླེབ་ཞལ་ངོའི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་མང་དུ་འབུལ་ཞིང་གནས་པའི་ཚེ། བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྤྱན་དྲངས་པ་བཞིན་བདེ་བར་ཕེབས་ནས་དེར་ཞག་ལྔ་བཞུགས། སླར་མྱུག་ཏུ་ཕེབས། བླ་མ་དེའི་སྐུ་དྲིན་གྱིས་རྣམ་རྟོག་ངན་པ་ཐམས་ཅད་རང་གྲོལ་དུ་སོང་བའི་མཐུས། ལོ་སོ་གཉིས་ལོན་པའི་ཡོས་ལོ་ཟླ་བ་དང་པོ་ལ་སྡེ་པ་ནས་ཀྱང་མྱུག་ཉིད་དུ་གཞི་ཕབ། དེར་ཞལ་ངོ་རྣམས་ཀྱིས་གཙོ་མཛད་བདག་ཅག་ཉི་ཤུ་ཙམ་ཕྱིན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྩ་དབུ་མ་སློབ་བཤད་ཐུན་མོང་མ་ཡིན་པ་ཞིག་གནང༌། ཨ་ཧོ་རྒྱལ་ཡུམ་དབང་མོས་མངོན་སུམ་དུ། །དུ་མའི་སྐྱེ་བར་རྗེས་བཟུང་བླ་མ་མཆོག །མཆོག་འདིས་ཟབ་མོའི་ཉེ་ལམ་འདི་བསྟན་ཚེ། །ཚེ་འདིར་མཁའ་སྤྱོད་འགྲུབ་ལ་ཐེ་ཚོམ་བྲལ། །སླར་བསྲེག་ཤིང་རིན་ཅེན་སྒང་གི་དགོན་པར་སྤྱན་དྲངས་ཞག་ཉེར་ལྔའི་བར་བསྙེན་བཀུར་ནས། དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་སྨིན་གྲོལ་ཡོངས་སུ་རྫོགས་པ། དཔེ་ནག་བལྟས་པའི་བཤད་ཡམས་ཙམ་མ་ཡིན་པར་ཐུགས་ཉམས་སུ་ཇི་ལྟར་མྱོང་བ་བཞིན་བསྟན་པས་སེམས་ཀྱི་སྒྲོ་འདོགས་