R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༠
[A:༡༥༠]ཐམས་ཅད་དེར་ཆོད། སླར་གྲུབ་ཐོབ་ཏུ་རྟགས་པའི་བླུན་པོ་ཁ་རེའི་རྐང་པ་ལ་གཏུག་དགོས་བསམས་པའི་བློ་རྩ་བ་ནས་བུད། ལམ་དང་ལམ་མ་ཡིན་པའི་ཤན་ཆོད་པ་ཞིག་བྱུང་སྟེ། འཇམ་དཔལ་ཁྲོས་པ་དུས་དགྲའི་དབང་པོ་དེས། །འཇམ་པའི་དབྱངས་ཀྱིས་ཐུགས་བཅུད་འདི་བསྟན་ཚེ། །འཇམ་དབྱངས་བཞེད་པའི་དོན་དེ་ཁོ་བོས་རྟོགས། །འཇམ་དབྱངས་དངོས་སུ་བྱོན་ཀྱང་ཞུ་རྒྱུ་མེད། །དེ་ནས་རིམ་བཞིན་ཕ་བླ་མ་འོ་ཡུག་སྡིངས་མར་སྤྱན་དྲངས་ནས། རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མ་ཉམས་ཁྲིད་དུ་ཞུས། བླ་མ་དེའི་གསུང་གིས་ད་ལོ་ཅིས་ཀྱང་ཞྭ་ལུ་ཕྱོགས་ལ་རྒྱུག་ལས་གནས་སྐོར་གྱིས་ཁྱད་པར་ཞྭ་ལུ་བའི་ལུགས་ཀྱི་དབང་ལུང་འདི་དག་རྫོགས་པ་ཞིག་ཐོབ་ན་མ་ཐོབ་ན་ཡིན་པས། དེ་ཞུ་བའི་ཁུངས་ཞྭ་ལུའི་ཤར་ཆོས་ལུང་ཟེར་བ་ན་ཁྲིད་ཁང་ནས་ཀྱི་ཆོས་མཛད་མ་ཞིག་བཞུགས་པ་དེ་རང་བཙུན་པ་ཡོད་འདུག་པས་དེ་ལ་ཞུས་ཟེར་བ་དང་མོ་རུ་ཞུས་ཏེ་ལག་ཏུ་མ་ལོངས་པར་འདུག་ད་སྒོས་ཞུ་ས་ཇི་ལྟར་ཡོད་དང༌། རྣམ་སྲས་ཀྱི་དབྱངས་རོལ་མཁས་པོ་ཤེས་པ་འདྲ་རྩད་ཆོད་པ་གྱིས་གསུངས་ནས་ཕ་བླ་མ་དབུས་ལ་བྱོན། ཁྱོད་ཀྱིས་དུས་གསུམ་གསལ་བར་གཟིགས་པའི་མཐུས། །མ་འོངས་གནས་འདི་གསལ་བར་ལུང་བསྟན་མོད། །བདག་གིས་དུས་དེ་གསལ་བར་མ་རྟོགས་ཀྱང༌། །དུས་ཕྱིས་བསམས་ཚེ་གསལ་བར་ངེས་ཤེས་སྐྱེས། །དེར་ཞག་ཁ་ཅིག་བསྡད་ནས་གྲུབ་པའི་དབང་ཕྱུག་འོ་བྲན་ཆོས་རྗེ་དང༌། རྫོགས་ཆེན་བྱམས་པ་བ་དཔོན་སློབ་སོགས་གཞི་བྱེས་ཀྱི་དགེ་