R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༢
[A:༡༥༢]ནས་བལྟས་པས་འཚུབ་ཡོད་ཟེར་དཀོན་གཉེར་དེ་འཇིགས་འཇིགས་བྱེད་ཀྱི་གདའ་བས་ཐུགས་འཚབ་མི་དགོས་ལྷ་འདིའི་རྒྱུས་ངེད་ཆེ་བ་ཞིག་ཡིན་བྱས། ཐར་དགོན་སྨན་ལུང་དམ་པའི་གནས་སུ་སླེབས། །དཔྱལ་སྟོན་མཁས་གྲུབ་དམ་པའི་ཕྱག་རྗེས་མཐོང༌། །བཅོས་མིན་མོས་གུས་དམ་པ་སྙིང་ནས་སྐྱེས། །སླུ་མེད་བྱིན་རླབས་དམ་པ་ཞུགས་སམ་སྙམ། །གམ་ལ་བྱ་བའི་ལ་ཆེན་པོ་དེ་བརྒྱབ་ནས་འོངས་པས། ཞྭ་ལུ་རི་ཕུག་ཏུ་གུང་ཚིགས་ཕྱི་བ་ལ་སླེབ། བླ་ཆེན་རྒྱལ་མཚན་པ་བྱ་བའི་གསང་སྔགས་པ་ཆེན་པོ་ཞིག་བཞུགས་པ་དེ་མིག་ངོ་ཤེས་ཙམ་ཞིག་ཡོད་པས་ཁོང་ལ་གནས་ཚང་ཞུས། རི་ཕུག་གི་རྟེན་གསུམ་རྣམས་དང༌། ཤར་ཆེན་བླ་བྲང་གི་རྟེན་རྣམས་མཇལ་སྨོན་ལམ་ཡིད་ཆེས་པར་བཏབ། ཤར་ཆེན་ནས་དྲུང་ཆེན་དེས་གཞི་ལེན་གཟབས་མ་ཐུགས་ལ་བཏགས། དེའི་ཚེ་རི་ཕུག་བླ་བྲང་ན་མཁན་ཆེན་འཇམ་དབྱངས་པ་བཞུགས་ཀྱི་གདའ་བ། ཁོང་གསུང་ཆོས་བཞིན་གནང་རྒྱུ་ཡོད་པ་ཞིག་ཡིན་ན་མཇལ། ཕྱག་འབུལ་ཞུ་སྙམ་ནའང༌། དེའི་སྤྲོས་པ་ནི་ཆོད་འདུག །མཇལ་ཕྱིན་ཁོང་གོ་ས་གཞན་དང་མི་འདྲ་བས་ཕྱག་འབུལ་བ་དང་གཞིར་བཅས་ནའང༌། ཁོང་ཕྱག་རྫས་ཕྱུག་ལ་གཏོང་ཕོད་ཆེ་བ་ཞིག་གྲགས། ངེད་རང་སྤྲང་པོར་སོང་བས་ལྟོགས་ལྷ་ཡིན་དགོངས་འཁྲུངས་དོགས་གང་གིའང་སྒྲོས་མ་བཏང་བར་སྤམ་མེ་བསྡད་མོད། ཁོང་པས་སྐུ་འདྲ་རིན་པོ་ཆེའི་དྲུང་དེར་སུམ་གདན་སྙེ་འབོལ་བཟང་པོ་ཞིག་བཏིང་ནས་ཇ་བཟང་པོ་སུན་ཅིག་