R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༣
[A:༡༥༣]གནང་བྱུང༌། རྒྱལ་བ་བུ་སྟོན་ཡབ་སྲས་དགོན་པར་སླེབ། །རྒྱལ་དབང་ཐུགས་རྗེ་ཅན་དེའི་སྐུ་བརྙན་མཐོང༌། །རྒྱལ་བསྟན་གསལ་མཛད་ཁྱོད་ཀྱི་གསུང་བཞིན་དུ། །རྒྱལ་བའི་བསྟན་པ་འཛིན་པར་སྨོན་ལམ་བཏབ། །དེ་ནུབ་རྨི་ལམ་དུ་གཟིམས་མལ་སྐུ་འདྲའི་པད་གདན་ལ་མགོ་བོ་གཙུགས་ནས་བདག་ཁྱེད་ཀྱི་ཉེ་གནས་ཡུན་རིང་དུ་བྱས་པའི་དགེ་སློང་དེ་ཡིན་མོད་ཐུགས་རྗེས་གཟིགས་ཟེར་གདུང་ཤུགས་ཀྱི་ཡུས་མང་པོ་བྱས་པས། སྐུ་འདྲ་རིན་པོ་ཆེའི་ཕྱག་གཡས་པ་བདག་གི་སྤྱི་བོར་བཞག་བྱུང་བ་ཞིག་གསལ་བར་རྨིས། དེའི་སང་ཞྭ་ལུ་གནས་སུ་སླེབ། ཁྲི་ཁང་ནས་ཆོས་རྗེ་ཨ་བྱིན་དྲུང་བྱ་བ་ཞིག་གནང་བྱུང་བ་དང༌། ལྕགས་སྟོད་ནས་ནང་སོ་དྲུང་གི་སྣེ་སྦྱོར་གྱི་ཕྱག་དམ་ཞིག་ཡོད་པ་བཞིན་ཞྭ་ལུ་ནས་སློབ་དཔོན་ཆེན་པོ་རྣམ་སྲས་པའི་དྲུང་གིས་གཞི་ལེན་གྲོགས་དན་ཡང་དག་པར་མཛད། ཇོ་ལེགས་པ་སོགས་ཀྱིས་འཇིགས་པ་མེད་པར་རྟེན་མཇལ་ཞིབ་ལ་ཡིད་ཆེས་པ་བྱུང་ཞིང་ཞྭ་ལུ་པའི་བན་སྨྱོན་ཚོ་བྲེད་པོར་བྱེད་ཀྱི་འདུག་ནའང༌། ངེད་ལ་དེ་དུས་ནས་ཕལ་ཆེ་བས་བྱིན་རླབས་ཞུས་ཤིང་བྱམས་པོ་ཡང་དག་པར་མཛད། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་སྲས་ཞི་དྲག །འཆི་བདག་གཤིན་རྗེའི་དབང་ཕྱུག་སོགས་བཞུགས་པའི་མགོན་ཁང་དེར་གཏོར་མ་ཕུལ་ཞིང་བསྟན་པ་རྒྱས་པའི་འཕྲིན་ལས་ཞུས། ཆོས་སྐྱོང་དེ་པ་ངེད་རང་གི་རྩ་བའི་སྲུང་མ་ཡིན་པའི་དོན་གྱིས་ཟིལ་ཆེ་ལ་ཉམས་དགའ་བ་ཞིག་བྱུང་ཞིང༌། ཚུར་ཡོང་བའི་དུས་རྒྱ་ཕིབས་སྟེང་ནས་བྱ་རོག་ཞིག་