R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༥
[A:༡༥༥]གནང་བའི་སྲུང་འཁོར། གཟུངས་ཀྱི་དོ་དམ་སོགས་བྱས་པའི་མཐར། རྟེན་གྱི་བྱ་བ་ཡོངས་སུ་རྫོགས་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། རབ་གནས་ཤིན་ཏུ་རྒྱས་པ་ཞིག་བྱས། དེ་ནས་ཉིན་རེ་བཞིན་སྒྲུབ་མཆོད་སྔོན་དུ་འགྲོ་བའི་རབ་གནས་རྒྱས་པ་ཉིན་རེ་ལ་ཚར་བཞི་བཞི་ཕུལ་ནས་ཞག་ཉེར་བདུན་ལ་རབ་གནས་རྒྱས་པ་བརྒྱ་རྩ་བརྒྱད། ཐོག་མཐའ་བར་གསུམ་དུ་ཞི་རྒྱས་ཀྱི་སྦྱིན་སྲེག་རེ་དང་བཅས་པ་ཕུལ་བའི་ཚེའང་མེ་ཏོག་གི་ཆར་པ་ཆེར་བབས་ནུབ་རེ་མོས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། རབ་གནས་ཀྱི་རྟེན་གྱིས་མར་མེ་བཟུང་བ་སྟོང་མ་ཆག་པར་བྱུང་ཞིང༌། དེས་མཚོན་པའི་བཀྲ་ཤིས་པའི་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ལྟར་དུས་དེ་ནས་སྡེ་པ་རྩིས་གནས་གསར་བ་དར་རྒྱས་བཀྲ་ཤིས་མཁའ་ཁྱབ་ཏུ་འབར་བ་འདི་བྱུང་བ་ལགས། དེ་གྲུབ་མ་ཐག་མྱུག་གི་དབུ་རྩེ་འདི་དང་ཐོག་དཔོན་ཆེན་གྲགས་པ་རྒྱལ་མཚན་གྱིས་བཞེངས་འཕྲོ་ལ་གཤེགས། བར་སྐབས་སུ་སྡེ་པ་ནས་ཞིག་བསོས་མཛད་པའང་འཕྲོ་ལ་ལུས་པ་ཞིག་བྱུང་བ་ནས། མི་ཕལ་ཆེར་རྣམ་རྟོག་བྱེད་ཀྱི་འདུག་པས་དེ་ལ་དམིགས་དབུ་རྩེ་རང་དུ་མཚམས་ཟླ་བ་གཅིག་བསྡམས་ནས་ལྷག་པའི་ལྷ་ལ་གསོལ་བ་བཏབ་པས་བགེགས་མི་འབྱུང་བའི་མཚན་མ་བརྟན་པོ་ཞིག་ཐོབ་དེ་གྲོལ་རྗེས་གཙང་གི་ཚོང་འདུས་མགུར་མོ་ནས་ས་སྐྱོང་ཉིན་བྱེད་དབང་པོའི་བཀའ་ལུང་བཞིན། དེར་ཕྱིན་ནས་གཤིན་རྗེ་གཤེད་དམར་པོའི་དབང༌། དམར་པོ་སྐོར་གསུམ། ཕྱག་ཆེན་གའུ་མའི་ཁྲིད་སོགས་སྤྱི་