R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༧
[A:༡༥༧]པར་མཆི་མ་བུན་ནེ་བ་ཁོ་ན་གདའ་སྟེ་མི་ཕྱེད་པའི་དད་པ་ཆེན་པོ་ཞིག་ཐོབ་མྱུར་དུ་འོང་བར་ཞུས་ནས་ཕྱིར་ལོག །སླར་མྱུག་ཏུ་འོངས་པ་ན་ཕ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དབུས་ན་ཕེབས་འདུག་པ་བཞིན། གསེར་དངུལ་སོགས་ཁྲི་ཁང་དུ་བྱུང་བའི་དངོས་པོ་ཐམས་ཅད་ཕྱག་ཏུ་ཕུལ། འཁོར་ལོ་སྡོམ་པ་ནག་པོ་ལུགས་ཀྱི་དབང་དང༌། སྟོབས་འཕྲོག་དབང་པོའི་གསང་ཁྲིད་སོགས་གསུང་གི་བདུད་རྩི་ཅུང་ཟད་ཀྱང་ཐོབ། ཟླ་བ་བཅུ་གཅིག་པ་ལ་འོ་ཡུག་སྡིགས་མར་ཆོ་ག་མཁྱེན་པའི་དགེ་འདུན་སུམ་ཅུ་ལ་བསྙེན་བཀུར་ཞུས། འཛབ་སྐོར་བ་ལྔ་བརྒྱ་ཙམ་བཅས་ཏེ་ཚེ་སྒྲུབ་རྡོ་རྗེ་འཕྲེང་བའི་སྒྲུབ་ཆེན་ཞག་བདུན་པ་ཞིག་བསྟན་པ་སྤྱིའི་རིམ་གྲོར་བསྒྲུབས་པའི་ཚེ། འཕྲིན་ལས་ཚར་བརྒྱད་བརྒྱ་དང་སུམ་ཅུ་སོང་བ། ལྔ་བརྒྱ་ཕ་བླ་མའི་སྐུ་རིམ། བརྒྱ་ཕྲག་གཅིག་བསྟན་འཛིན་སྤྱི། བརྒྱ་ཕྲག་གཅིག་བོད་ཁམས་སྤྱིའི་རིམ་གྲོ། བརྒྱ་ཕྲག་གཅིག་དེ་ལས་ཀྱང་བསྟན་པའི་སྦྱིན་བདག་སྤྱིའི་སྐུ་རིམ་དུ་བསྔོས། སུམ་ཅུུ་པོ་དེ་ཆོ་ག་མཛད་པོ་རྣམས་ལ་དམིགས། རིལ་བུ་ཡང་དྲི་བཟང་ཞིང་འཕེལ་ཤིན་ཏུ་ཆེ་བ་སོགས་མཚན་ཉིད་དང་ལྡན་པ་ཞིག་བྱུང༌། གཞན་ཡང་སྐྱེས་སྟོབས་དང་སྦྱངས་སྟོབས་ཀྱི་ཡོན་ཏན་མི་དམན་པ། མྱུག་པ་སློབ་དཔོན་ཀརྨ་པ་ལ་རྒྱུད་སྡེ་ལྔ་སྨིན་བྱེད་དུུ་བཏང་བའི་ཤངས་པའི་གསེར་ཆོས་ལྔ་སྨིན་གྲོལ་ལུང་བཅས་ཤིན་ཏུ་ཚང་བ་ཞིག་ཀྱང་ཕུལ། རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱི་སྐུ་འདྲ་བརྒྱད་ཀྱིས་གཙོ་བྱས་པའི་དཀྱིལ་ཐང་ཆེ་ཆུང་འདྲེས་པ་ལྔ་བཅུ་