R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༨
[A:༡༥༨]ལྷག་པ་བཞེངས་ཤིང་རབ་གནས་ཀྱང་རྒྱུད་སྡེ་དང་མཐུན་པར་བསྒྲུབས། ལོ་སོ་གསུམ་ལོན་པའི་འབྲུག་ལོ་དཔྱིད། གཙང་གི་ཚོང་འདུས་ནས་ས་སྐྱོང་དབང་པོ་རྒྱལ་བའི་བསྟན་པ་བླ་མར་མཛད་པ་དེས་དོ་དམ་དང་ཆེད་གཉེར་མཛད།དེང་སང་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བསྟན་པ་རྫོགས་པར་འཛིན་ཞིང་སྤེལ་བ་ལ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས་བྱང་གླིང་ཆོས་རྗེའི་ཞལ་སྔ་ནས་དཔལ་འཁོར་བདེ་ཆེན་ནས་སྤྱན་དྲངས་བ་དང་བསྟུན་ཚོང་འདུས་ཁྲི་ཁང་དུ་ཕྱིན་ནས། དམ་པ་དེ་ལས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་རྩ་བ་ལུགས་རྣམས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ཤིང་མི་ཕྱེད་པའི་དད་པ་ཐོབ། བུ་རམ་ཤིང་པའི་རྒྱལ་ཚབ་བླ་ན་མེད། །བུ་སྟོན་བླ་མ་དེ་ཡི་བསྟན་པའི་རྒྱུན། །ལེགས་པར་སྤེལ་ལ་མཁས་པའི་བླ་མ་དེ། །ལེགས་པར་མཇལ་བས་རེ་བའི་ཤིང་རྟ་གང༌། །དེར་ཞལ་ངོ་དྲུང་ལ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མྱོང་ཁྲིད་ལུང་སོགས་ཆ་ལག་རྫོགས་པའི་ཐུགས་ཡིད་ཆེས་པ་ཞིག་དང༌། གཞན་དབང་ལུང་ཐོར་བུ་ཕུལ། སླར་ཞ་ལུ་རི་ཕུག་ཤར་ཆེན་བླ་བྲང་དུ་ནག་ཉ་དང་བསྟུན་ནས། རྗེ་བླ་མ་འཇམ་པའི་དབྱངས་དེ་མཉེས་པར་བྱས་ནས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་བྱིས་པ་འཇུག་པའི་དབང་བདུན། དབང་གོང་མ། གོང་ཆེན་དང་བཅས་པ་རྫོགས་པར་ཞུས་པའི་