R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༦
[A:༡༦༦]བཞི་པའི་ནང་དུ་དཔལ་སྦུག་པདྨ་བཀོད་པར་མཚམས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་བགྱིས། དེའི་ཚེ་དུས་ཆེན་སྒྲུབ་མཆོད་འདི་འཛུགས་པར་བཞེད་པའི་སྐབས་ཡིན་པ་བཞིན། ཕག་མོ་སོ་བདུན་མ་དང༌། འཁོར་ལོ་ཆེན་པོ་གཉིས་ལ་ནག་འགྲོས་ལེགས་པ་རེ་ཡང་བཅོས། གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་ཆོག་གི་ནག་འགྲོས་ཤོག་བུ་ཕག་གདོང་བཅུ་བཞི་པ་ཞིག །མཚན་སྔ་ཕྱེད་ཙམ་ནས་ནམ་ཟི་བ་ཚུན་ལ་གྲུབ་པ་ཞིག་ཀྱང་བགྱིས། དེ་ནས་ཟླ་བ་དྲུག་པ་ལ་བསྲེག་ཤིང་རིན་ཆེན་སྒང་གི་དགོན་པར་ཆོས་རྗེ་བྱ་སྟོན་སྤྲུལ་སྐུ་བས་དབུ་མཛད་དགེ་འདུན་རྣམས་ལ་རྒྱུད་སྡེ་ལྔའི་དབང་རྒྱས་པ་སྨིན་བྱེད་དུ་བཏང་བའི་ནེ་གུ་ཆོས་དྲུག་གི་ཉམས་ཁྲིད། གསེར་ཆོས་ཕྱི་མ་རྣམས་ཀྱིའང་བྱིན་རླབས་ལུང་རྣམས་ཕལ་ཆེར་རྫོགས་པ་དང༌། དཔལ་མཁའ་འགྲོ་རྒྱ་མཚོའི་དབང་ཚར་གཉིས། འཇམ་པའི་རྡོ་རྗེ། ཕག་མོ་མངོན་འབྱུང༌། རྣམ་འཇོམས་མ་ཎི་བཛྲ་རྣམས་ཀྱི་དབང་བགྱིས་ཤིང༌། ཆོ་ག་རྣམས་ལ་སོ་སོའི་ཕྱག་ལེན་ཡང་ལེགས་པར་བསླབས། སླར་མྱུག་ཏུ་ཀྱེ་རྡོ་རྗེ་ཡབ་ཡུམ་བདེ་མཆོག་ལཱུ་ཧི་པ། འཇིགས་བྱེད་བཅུ་གསུམ་མ། འཁོར་ཆེན། གདུགས་དཀར་ཞེ་གཉིས་མ། ཀུན་རིག །ཛེ་ཏཱ་རིའི་ལུགས་ཀྱི་ཚེ་དཔག་མེད་རྣམས་ཀྱི་དབང་བསྐུར་བགྱིས་ཏེ། སོ་སོའི་ཆོ་ག་དང་ལག་ལེན་ལ་སྦྱངས་པའི་རྡོ་རྗེ་སློབ་དཔོན་གཙོ་འཁོར་ལྔ་ལྔས་རྒྱུད་སྡེ་དང་མཐུན་པའི་སྒྲུབ་མཆོད། བླ་མ་དམ་པའི་ཐུགས་ཀྱི་དགོངས་པ་རྫོགས་ངེས་འདི་ལེགས་པར་འཛུག་པའི་དོ་དམ་དང༌། རྡོ་རྗེ་སློབ་དཔོན་བགྱིས་ཏེ་རྡོ་རྗེ་ཐེག་པའི་བསྟན་པ་ལ་བྱ་བ་བགྱིས་པའི་ཁུངས་