R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༥
[A:༡༧༥] དགེ་འདུན་དཔོན་སློབ་རྣམས་ཀྱི་བཀའ་གཅོག་མ་ཕོད་པར་ལོ་གཅིག་གི་ཁས་ལེན་ཕུལ་བས། ངས་ལོ་གསུམ། ཁྱེད་ཀྱིས་ལོ་གཅིག །དེ་འདྲ་བྱས་ན་ཞྭ་ལུ་པ་ཚོས་ཕྱག་རྟེན་ཀྱང་མི་འབྱོར་རམ། ལོ་གསུམ་ངེས་པར་གྱིས། དེ་བར་སྐྱིད་ན་ལེགས། སྡུག་ན་བསྲན། དེ་ནས་བོང་ཤ་ཟ་མི་ཟ་བོང་བུའི་ཁ་སྟབས་ཀྱི་དཔེ། སྐྱིད་པོ་བྱུང་ན་ཚེ་དང་མཉམ་པར་བྱས་ནའང་ལེགས། སྡུག་པོ་བྱུང་ན་ནམ་བྱུང་དུས་ཞོག་ཐོང༌། སྤྱིར་འདི་ན་བསྟན་པ་ལ་བསམས་ནས་བྱ་བ་བྱེད་ན་དགོན་ཆུང་གཞན་དང་ཡེ་མི་འདྲ་བྱེད་རྒྱུ་གང་ཡང་ཡོད་ཅིང༌། འཆད་ཉན་བྱེད་ནུས་ན། སྔར་ཕན་ཁྱེད་རང་གི་དགོན་ཆུང་ཚོར་འཆད་ཉན་བྱས་པ་སྐད་སྒྲ་ནམ་མཁའ་ལ་རང་དེངས་མི་འགྲོ། ལག་རྗེས་འཇོག་ཐུབ། འཇིག་རྟེན་ནས་བསམས་ན་སྐྱ་སེར་འདི་ཙམ་ཞིག་ནར་མོ་རིལ་མོ་གང་བྱེད་ཀྱང་རང་རེ་དབང་ཆེ། བཟའ་ཆེར་མི་བདོག་སྟེ། ཕོ་རབ་གཏམ་ཟ་ཟེར་བ་ཡིན། གནས་གསར་པ་ཕོ་རབ་ཡིན་པས་གཏམ་དགའ་མོད་གསུང་བ་དང༌། ཆེན་སློབ་ཞལ་རྒྱས་ཐོག་ཏུ་མཐའ་བཀོད་མང་དུ་ཕེབས་པ་ནས། ངེད་རང་གི་ལེགས་ཉེས་ཐམས་ཅད་ཁོང་ལ་རེ་བ་ཡིན་པས་འདི་མན་འདི་ཚུན་ནི་ཞུ་མ་སྤོབས། སེམས་ཧང་ངེ་བ། འཇིགས་ཞུམ་མེ་བ་ཞིག་ལ། བཀའ་བཞིན་བགྱིད་པ་ལས་ཐབས་མ་རྙེད། བདག་གིས་ཆོས་ཕྱོགས་ནས་འཆད་ཉན་སོགས་དཀོན་ཅོག་ཐུགས་མ་ཁྲེལ་བར་བགྱིད་པར་ཞུ། འཇིག་རྟེན་ཕྱོགས་ནས་ཞི་དྲག་གང་དགོས་ཀྱང་ཆེན་སློབ་དྲུང་རང་གིས་ཐུགས་འགན་བཞེས། བདག་ཁ་མི་འཇུག་པ་ཞིག་བྱུང་ན་མ་བྱུང་ན་ཞུས་པས་ཕ་བླ་མས་ཀྱང་དེ་གའི་བཀའ་ནན་རྒྱས་པར་མཛད། ཆེན་སློབ་དྲུང་གིས་ཀྱང་ཞལ་ཞོ་མོ་ཆེའི་ཞལ་བཞེས་མཐུན་གྲུབ་ཅིག་མཛད། དེ་ནས་ངེད་ཀྱི་ཕ་མེས་ཀྱི་སྲུང་མ་འདི་རུང་མོ་ཞིག་བདོག་པ་ནས། ཡུལ་གསར་འཛིན་པ་སོགས་བྱ་བ་ཁམས་ཆེ་བ་གང་བྱེད་ཀྱང་