R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༤
[A:༡༧༤]པ་ནས་སྔར་ཕན་ནི་གསུམ་ལས་མང་བ་ལ་མ་བགྱིས། ཇི་ལྟར་བགྱིད། འཚུབ་བཞིན་ནི་མི་ཡོང་ངམ་ཞུས་པས་ད་ལམ་ངས་བཀའ་རྒྱ་བཀྲོལ་བས་སྐྱོན་ཅི་ཡང་མེད་གསུང་བ་ནས་བཀའ་ལྟར་བསྒྲུབས། སྤྱིར་འདི་ཞྭ་ལུ་པའི་ཆོས་ཁམས་ཆེ་ས་ཞིག་ཡིན་པ་དང༌། བཀའ་ཤིན་ཏུ་དམ་པའི་སྟབས་ཀྱིས་ཆེས་དཀོན། ཁྱད་པར་བཀའ་ནུབ་ནས་ཡུན་རིང་པོ་སོང་བའི་སྟབས་ཀྱིས་ཆོས་ཉམས་ཡོད་པ་ཐམས་ཅད་མས་བུ་སྟོར་བ་རྙེད་པ་ཙམ་དུ་དགྱེས། དགེ་བཤེས་ཆེན་པོ་བགྲེས་པོ་ཡོན་ཏན་གྱི་དྲེགས་པས་འགྱིང་བ་རྣམས་ཀྱང་བྱོན་པ་ལ་བརྟེན། དཔལ་བདེ་བ་ཆེན་པོ་རལ་པ་གཅིག་པ་ལྷ་ཉི་ཤུ་རྩ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། ཆོས་གྲྭ་དེའི་བླ་མ་སློབ་དཔོན་རྣམ་པ་བརྒྱད། སྲད་བྲག་དམར་དང༌། བསམ་རྩེ་མཁན་ཆེན་པ་སོགས་དབང་ཆ་གསུམ་ལ་དབང་རྒྱས་འབྲིང་བསྡུས་གསུམ་རྫོགས་པ་དང༌། བླ་མ་འཆད་ཉན་ཕེར་བ་བཅུ་གསུམ་ལ་བྱིན་རླབས་གཉིས། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་རྣམས་ཕུལ་པས་ཐམས་ཅད་ཐུགས་ཡིད་ཆེས་ཤིང་དགྱེས་པར་བགྱིས་སོ། །དེ་ནས་གོང་དུ་སྨོས་པ་བཞིན་ངེད་རང་བོ་དོང་ན་ཡོད་པའི་དུས་ནས་ཞྭ་ལུ་བ་ཕྱོགས་ཀྱི་ཆོས་སྒོར་ཐམས་ཅད་མ་ཚང་བ་མེད་པ་ཞུས་གསུང་བ་དང༌། ཡོས་ལོའང་ཆེད་དུ་རྟིང་བསྐུལ་གནང་གི་འདུག་པ་ལྟར་ཕ་བླ་མ་ཉིད་ཀྱིས་སྔ་མོའི་དུས་ནས་དགོངས་པར་འདུག་ཅིང༌། ཞྭ་ལུ་བའི་བྱིས་པ་ཆུང་ངུ་ཡན་ཆད་མགྲིན་གཅིག་མཐུན་སྣང་གྲུབ་པ་ལ་བརྟེན། སྡེ་སྲིད་རིན་པོ་ཆེ་རིན་སྤུངས་པས་ཀྱང་དགྱེས་བཞིན་དུ་གྲོལ་བ་ཡིན་གསུངས། ནན་གྱིས་བཀའ་གནང་བ་ཟློག་མ་ཐུབ། རང་ངོས་ནས་ཆོས་ཕྱོགས་ནས་སྤངས་རྟོགས་ཀྱི་ཡོན་ཏན། འཇིག་རྟེན་ཕྱོགས་ཀྱི་ཤེས་མྱོང་རྒྱུ་ཆ་རྐྱེན་སོགས་གང་ནས་བསམ་ཀྱང་བློས་ལྕོགས་པའི་ཡུལ་མི་འདུག་ཀྱང༌། བླ་མ།