R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༦
[A:༡༧༦]གནང་བ་ཞུ་བའི་ཚུལ་རེ་དགོས་ཀྱིས་ཡོད་པས་ན་རང་གནས་སུ་འོང༌། དེ་ཚེ་ཆར་པ་ཤིན་ཏུ་ཆུང་བའི་གཙང་པོ་སོགས་ཀྱང་ཆེན་པོ་ཡེ་མི་གདའ་བ་ལ། ངེད་ཅག་ཞྭ་ལུ་ཕྱོགས་ལ་ཆས་ཙམ་ནས་གློ་བུར་ཆར་ཆེན་པོ་རྒྱུན་རིང་དུ་བབས། གཙང་པོ་བ་ལོག་རྟ་ལོག་ལ་རྒྱས། ཤངས་ཆུ་ནི་ངེད་འགྲུལ་པ་རྣམས་སྔ་རྟིང་ལའང་ཆེར་འགྲོ་བ་ཤེས་ངེས་ཀྱི་ཚད་བཟུང་མེད་པ་བདེ་བར་སྒྲོལ་ནས་བསམ་རྩེར་ཞག་གཅིག་བསྡད། བྲག་དམར་ནས་དྲུང་ཆེན་གྱིས་གཞི་ལེན་སོགས་བཟབས་པོ་ཐུགས་ལ་བཏགས། ཞྭ་ལུ་པའི་དྲུང་ཆེན་ལྷོ་པ་ཐབ་འཛིན་ལ་བྱོན་འདུག་ཅིང༌། དེ་སྐབས་སྡུག་ཆས་སྤྲད་ཕྱིན་ན་ཞྭ་ལུ་པའི་གཟི་བརྗིད་ལ་གནོད་ཀྱི་དོགས། རྟ་ཁྲོམ། རྐང་ཐང༌། ཁལ་མ་སོགས་མཆོར་ལ་རགས་པའི་བཀོད་པ་ཕུན་སུམ་ཚོགས་པ་ཞིག་བྱས་ནས་ཕྱིན་པའི་ཚེ་ཉིན་མོ་ནམ་མཁའི་དབུས་དྭངས་ཤིང་མཐའ་སྤྲིན་གྱིས་གཏིབས་པ་ཞྭ་ལུ་ཕྱོགས་ནས་འཇའ་སྤྲིན་དཀར་པོ་དུ་མས་བསུ་བའི་ཚུལ་དུ་བྱས་པ་ཁོ་ན་བྱུང་ཞིང༌། ཐོབ་རྒྱལ་དང་ཞྭ་ལུ་ནས་ཆེན་སློབ་དྲུང་སོགས་རྟ་བསུའི་བཀོད་པ་བསམ་གྱིས་མི་ཁྱབ་པས་བསུས་རིམ་བཞིན། དགེ་ལུང༌། ཁྲི་ཁང་སོགས་སུ་བསྙེན་བཀུར་གྱ་ནོམ་པ་ལ་རོལ་བཞིན་དུ། ཕ་བླ་མའི་དྲུང་དུ་སླེབ། མཉེས་པའི་གསུང་དང་གཞི་ལེན་གྱི་བཀོད་པ་དཔག་ཏུ་མེད་པ་གནང༌། ཟླ་བ་དྲུག་པའི་ཚེས་གཅིག་ལྷའི་བླ་མ་རྒྱལ་སར་བྱོན་པའི་འགྲུབ་སྦྱོར་དགེ་བ་ལ། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་དང༌། ཕྱོགས་བཅུ་དུས་གསུམ་གྱི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱི་བོའི་པདྨ་ལ་ཞབས་སེན་གྱི་ཉི་གཞོན་གར་བྱེད་པའི་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཞབས་སྟེགས་ཀྱི་སེང་གེའི་ཁྲི་ལ་བཞག་སྟེ་ཆོས་ཀྱི་འཁོར་ལོ་སྒྱུར་བར་མངའ་གསོལ་བའི་ཚེ་དགེ་འདུན་རྒྱ་མཚོ་ལྟ་བུ་དེའི་དབུས་སུ་སེང་གེའི་ཁྲི་གཉིས་བཤམས་པ་ལ་