R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༧
[A:༡༧༧]ཡབ་སྲས་ལྷན་ཅིག་ཏུ་བཞུགས་ཏེ། ཕ་བླ་མས་ལུགས་གཉིས་ནས་གདན་ས་བ་དགེ་འདུན་དང་བཅས་པ་ལ་ལུགས་གཉིས་ཀྱི་བླང་དོར་གྱི་གནས་མང་དུ་གསུངས། བེར་ཐུལ་ནེ་སེར་བཟང་པོ་དང༌། སྐུ་ཆོས་ཁྱད་དུ་འཕགས་པ་ཞིག་གིས་གཙོས་པའི་གནང་སྦྱིན་ཀྱང་བློས་མི་འཁྱུད་པ་གནང་ཞིང་རབ་གནས་ཀྱི་མེ་ཏོག་འཐོར་བར་མཛད་པའི་ཚེ་ཡང་ཆར་ཟིམ་བུའི་རྒྱུན་ལྷག་པར་བབས། རིན་སྤུངས་ནས་སྡེ་སྲིད་རིན་པོ་ཆེའི་བསྐོ་འཇའ་ཁྲི་སྟོན་དང་བཅས་པ་ཁྲི་ཁང་ནས་སྡེ་པ་རིན་པོ་ཆེས་ཁྲི་སྟོན་མང་ཇ་ནས་འགྱེད་ཕུན་སུམ་ཚོགས་པ་དང༌། སྡེ་པ་གནས་གསར་ནས་དང་ལྕགས་སྟོད་ནས་ཀྱང་ཁྲི་སྟོན་རྒྱས་པར་སྐུ་དྲིན་གྱིས་བསྐྱངས་ཤིང༌། ཕྱག་འཚལ་སྟོན་མོའང་ཕུན་སུམ་ཚོགས་པར་བསྒྲུབས། སྦྱོར་དྲུག་ཞུ་བ་པོ་བླ་མ་སློབ་དཔོན་དྲག་བསྡུས་ཤིག་གི་གཙོས་པའི་དབང་ཆ་གཉིས་ལ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ཆོས་རྗེ་ཐམས་ཅད་མཁྱེན་པའི་བཞེད་པ་ཇི་ལྟ་བ་ཞིག་ཀྱང་ཕུལ་ཏེ། རྒྱལ་བ་རིགས་བརྒྱའི་ཁྱབ་བདག་བླ་མ་དེས། །རྒྱལ་ཚབ་སྲས་ཀྱི་ཐུ་བོར་དབང་བསྐུར་ཚེ། །རྒྱལ་བ་སྲས་བཅས་ནམ་མཁའི་ཁམས་གང་བས། །རྒྱལ་བར་གྱུར་ཅེས་མེ་ཏོག་བསིལ་མ་འཐོར། །མཆོག་གི་བླ་མ་དུས་གསུམ་གཟིགས་པ་དེས། །ཞིང་འདིའི་བསྟན་པ་སྤེལ་བར་མངོན་དགོངས་ཤིང༌། མཐུ་ལྡན་སྲུང་མའི་དབང་པོས་བསྐུལ་བའི་མཐུས། །སེང་གེའི་ཁྲི་ལ་དེ་རིང་དབང་བསྐུར་ཐོབ། །སྙན་གྲགས་ཉི་འོད་ཕྱོགས་ཀུན་ཁྱབ་པའི་ཚེ། །སྐལ་ངན་འབྱུང་པོའི་བྱ་རྣམས་ཉོན་མོངས་གྱུར། །གཟུར་གནས་ཤེས་ལྡན་དགྱེས་པའི་པདྨ་ལས། །ལེགས་སོའི་སྦྲང་རྩི་ཅི་ཡང་རྒྱས་པར་གྱུར། །དེར་སྦྱོར་དྲུག་གི་ཁྲིད་