R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༩
[A:༡༧༩] ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཕྱི་ནང་གི་མན་ངག་ཅི་རིགས་པ་དང་བླ་མ་ཤངས་པའི་གསེར་ཆོས་ལས་ཆོས་དྲུག་གི་བྱིན་རླབས་ཁྲིད་ལུང་ལ་སོགས་པ་ཤིན་ཏུ་ཞིབ་རྒྱས་སུ་གནང་བ་རྣམས་ཐོབ། དེ་ནས་རེ་ཞིག་རྗེ་བླ་མ་ཆོས་ལུང་མཁན་རིན་པོ་ཆེས་སྤྱན་དྲངས་ནས་བྱོན། བདག་གིས་ཞ་ལུའི་རྣམ་སྲས་མཆོད་པ་གྲུབ་རྗེས། ཞ་ལུའི་མཁན་ཆེན་རྣམས་དང་སྡེ་སྲིད་རིན་པོ་ཆེ་མཇལ་ཕྲད་ཀྱི་དཀྱུས་ཤིག་ཡོད་འདུག་པ་བསྲང་བའི་ཕྱིར། རྟ་ཁྲོམ་ལ་སོགས་པ་གཟི་བརྗིད་ཀྱི་བཀོད་པ་དང་རྣམ་གཞག་མཐའ་ཡས་པས་ཕྱོགས་ལྷུང་ཁ་ཅིག་གི་སེམས་མུན་པར་བྱེད་བཞིན་དུ་ཕྱིན། ཐབ་འཛིན་ཞལ་ངོའི་ཆིབས་བསུ་སོགས་སྔར་འཁྱུད་གང་ཡོད་ལས་མ་ཞན་པའི་བདག་རྐྱེན་དང་བསྙེན་བཀུར་སྐུ་དྲིན་བསྐྱངས་ཏེ། ཁྲིམས་གཉིས་ཀྱི་མདུན་ས་ཆེན་པོ་ཕོ་བྲང་བསམ་འགྲུབ་རྩེར་ཞག་བཅུ་གསུམ་ཙམ་བསྡད་པའི་བར་སྡེ་སྲིད་རིན་པོ་ཆེའི་སྐུ་རིམ་ལ་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་ཉིན་རེ་བཞིན་བགྱིས་ཤིང༌། ཆོས་རྗེ་བྲག་དམར་མཁན་ཆེན་དཔོན་སློབ་རྣམས་ལ་དཔལ་འཁོར་ལོ་སྡོམ་པ་ནག་པོ་པ་དང༌། ཀྱེ་རྡོ་རྗེ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་མ་རྣམས་ཀྱི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་དང་ལུང་གི་བྱེ་བྲག་དུ་མའང་བཤད་དེ་ཐུགས་ཁ་རྫོགས་པར་བྱས་ནས། ཟམ་འཚེར་འདི་བསྟན་པ་ལ་ཕན་རྒྱུ་ཡེ་མེད་ལ། རྣམ་གཡེང་ཆེ། ས་ཕུར་འདི་ངེད་རང་གི་དགེ་སྦྱོར་གྱི་སྙིང་པོ་