R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༨
[A:༡༧༨]གསུང་བ་སོགས་ལ་ཡུན་ཧ་ཅང་མི་རིང་བ་ཞིག་བཞུགས་ནས་ཡབ་སྲས་ལྷན་དུ། སྡེ་པ་གནས་གསར་བས་མྱུག་ཏུ་སྤྱན་དྲངས། སེར་སྦྲེང༌། གར་འཆམས། གཞས་རྒྱག །ཆིབས་བསུ་སོགས་བསུ་བའི་བཀོད་པ་སྔར་ཕྱོགས་དེར་འོང་མ་མྱོང་བ་ལྟ་བུའི་རྒྱས་པ་ཅི་ཡོང་དང་བཅས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད། རྒྱལ་བ་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོའི་དུས་དྲན་མཆོད་པ་གྲུབ་མ་ཐག །དཔལ་སྦུག་ཏུ་སྤྱན་དྲངས། རྗེ་གྷ་ཡ་དྷ་རས་བླ་ཆེན་འབྲོག་མི་ལ་གསུང་ངག་གནང་བའི་གནས་ལ་རྣམ་པར་གྲོལ་བ་ཞེས་གྲགས་པ་བཞིན། འདིར་ཡང་སྐལ་ལྡན་མང་པོ་གྲོལ་བ་ཐོབ་པ་ཞིག་ཡོང་རེ་བས་མིང་རྣམ་པར་གྲོལ་བའི་རི་ཁྲོད་དུ་ཐོགས་གསུང་དགྱེས་བཞིན་དུ་ཟླ་བ་བདུན་གྱི་བར་ཆོས་ལུང་ནས་མཁན་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་དབུ་མཛད། བདག་ཅག་སྐལ་བ་རབ་ཏུ་གྱུར་པ་བཅོ་བརྒྱད་ཙམ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་སློབ་བཤད་ཐུན་མོང་མ་ཡིན་པ་ཉམས་ཁྲིད་དུ་གཙོ་བོར་གསུངས་ཏེ། དྲེགས་ལྡན་བྱེ་བས་མིང་ཡང་མ་ཐོས་པའི། །གསང་ཆེན་སློབ་བཤད་ཟབ་མོའི་གནད་མཐའ་དག །ཉིད་ཀྱིས་གཟིགས་ཤིང་ལེགས་པར་སྩལ་བའི་ཚེ། །སྐལ་བཟང་སྙིང་ལ་ཕན་བདེའི་དགའ་སྟོན་ཐོབ། །འཁྲུལ་མེད་ཆོས་ཀྱི་སྙིང་པོ་འདི་ཐོས་ཚེ། །རབ་འབྱམས་ཤེས་བྱའི་རང་ཞལ་ཚུར་སྟོན་བྱུང༌། །ཡོངས་རྫོགས་བསྟན་པའི་ཉམས་ལེན་རྒྱུད་ལ་ཁེལ། །ཟབ་ཟབ་ཕལ་ཆེར་མིང་ཀྱང་ཙམ་དུ་སོང༌། །ཞར་བྱུང༌། མཆོག་སྒྲུབ་པའི་དམར་མོ་སྐོར་གསུམ། ཐུན་མོང་སྒྲུབ་པའི་དམར་པོ་སྐོར་གསུམ། དམར་ཆུང་མ་སྐོར་གསུམ།