R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧
[A:༡༧]རྟག་པར་གཟིགས་ཀྱི་ཡོད་གདའ་བས། འཕྲིན་འཆོལ་གྱི་སྐབས་འགར། གཙོ་བོ་རྣམས་ཆ་ལུགས་འདི་ལྟ་བུས་རྣམ་འགྱུར་འདི་འདྲ་སྟོན་གྱི་འདུག་གསུང་པ་དང་མིས་བསྲེག་མཁན་མེད་པར་སྤོས་ཕོར་སྟོང་པའི་ནང་ནས་ཚིལ་ཆེན་གྱི་དུ་བ་འཕྱུར་བ་དང༌། དགུན་གྲང་སྒང་གི་སྨན་རག་གཏོར་མ་ཐམས་ཅད་ཁོལ་ཞིང་དྲི་རོ་ཕུན་སུམ་ཚོགས་པ་འབྱུང་བ་དང༌། སྐུ་གཅིག་པུས་དབྱངས་མཛད་ཀྱང་ཉེ་འཁོར་ནས་ཉན་པ་ན་དབྱངས་ཀྱི་རམ་བུ་འདེགས་མཁན་ཁ་ཡར་གྱི་སྐད་ཐམས་ཅད་ཀྱིས་མཐུན་གྲུབ་ཏུ་ཐོས་པ་ནི་ཤས་ཆེར་འབྱུང༌། བསྒྲལ་བའི་ཞིང་ཞིག་ལ་མངོན་སྤྱོད་ཀྱི་ལས་མཛད་དེ་དགུག་གཞུག་མཛད་པ་ན་བླའི་གཟུགས་ཞུམ་བུ་འདྲ་བ་ཞིག་ཡུད་ཀྱིས་ཐིམ་མ་ཐག་ལིངྒ་འདར་ཁྲི་ལི་ལི་འདར་བྱུང་བ་དེར་འཁོད་པ་ཀུན་གྱིས་མཐོང་བ་དང༌། དྲག་པོའི་གཏོར་མ་ཞིག་འཕེན་པར་མཛད་དེ། གཏོར་མ་ཕྱིར་ཁྱེར་ནས་བསྐུལ་མཛད་པ་ན་གཏོར་མ་གནོད་ཀྱི་ནང་དུ་ཁྲུ་རེ་ཙམ་ལན་གསུམ་འཕར་བ་དང༌། མདོས་གཏོར་གྱི་གསེབ་ནས་མེ་ཆེན་པོ་བུད་ནས་དགྲ་ཕྱོགས་སུ་འགྲོ་བ་སོགས་ཐུན་མོང་གི་གྲུབ་པའི་མཚན་མ་མང་དུ་ཡོད་དེ་ཐམས་ཅད་བྲི་བར་མ་ནུས། མནལ་ལམ་དུ་རྗེ་བཙུན་ཏི་ཕུ་པ་དང་མཇལ་ནས་སྐུ་ཚེའི་ཚད་ལུང་བསྟན་པ་དང༌། གཞུ་མགོ་ཐོན་གྱི་སྒར་ན་བཞུགས་པའི་ཚེ། ནང་གཅིག་མདུན་གྱི་ནམ་མཁར་ཐིག་ལེ་མཐིང་ཁ་འོད་ཁ་དོག་ལྔས་བསྐོར་བ་མཐེབ་ལོང་ཙམ་ཞིག་གི་དབུས་ན། མ་འདྲེས་ལ་ཡོངས་སུ་རྫོགས་པའི་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་རྒྱན་དང་བཅས་པ་ཕྱི་ནང་སྒྲིབ་ཐོགས་མེད་