R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦
[A:༡༦] སྐུ་ལ་གནོད་པ་ལྟ་ཅི་སྨྲོས། ན་བཟའི་སྣེ་མོ་ཚུན་སྐྱོན་མེད་དུ་སོལ་ལེ། སྐུ་གཞོགས་ན་བཞུགས་པའི་རྗེ་ས་སྐྱ་པ་ཡབ་སྲས་ཀྱི་སྐུ་ཉིད་ཐུགས་དམ་རྟེན་དུ་བཞེངས་པ་ཞིག་དང༌། དེའི་དྲུང་ན་ཡོད་པའི་ཐུགས་དམ་གཏོར་མ་རྣམས་ཀྱི་རྩེ་རྒྱན་ཙམ་ཡང་མ་ཞུ་བར་གནས་པ་སོགས་ཐམས་ཅད་ཀྱི་མཐུན་གྲུབ་ཏུ་བྱུང་བའི། སྐུ་ལྡེར་བྱིན་རླབས་ཅན་དེ་རྣམས་ད་ལྟའང་དབུ་རྩེ་ན་བཞུགས། ཐུགས་དམ་གཏོར་མ་དེའང་གླང་ལོ་གླིང་ལོག་ཆེན་པོ་མ་བྱུང་བར་ཡེ་མ་ཉམས་པ་ཡོད་པ་ཡིན། གཞན་ཡང་རོང་ཆུང་གི་འཕྲང་ལ་བྱོན་པའི་ཚེ། སྐུའི་ཐད་རང་ལ་རྦབ་ལུག་རོ་ཙམ་ཞིག་མཆོང་ཞིང་བྱུང་བ་ལ། སྐུ་འཁོར་ཐམས་ཅད་ཧན་བརྡལ་བ། སྡིགས་མཛུབ་མཛད་པས་གྱེན་ལ་རྒྱང་ཙམ་ཞིག་ལོག་རྗེས་ཕྱོགས་གཞན་ཞིག་ལ་ལྷུངས་ནས་ཅི་ཡང་མ་ཉེས་པ་དང༌། བཙག་ས་དཀར་གྱི་གྲུ་ལ་བྱོན་པའི་ཚེ། གཙང་པོའི་འཇིངས་སུ་སླེབས་པ་ན་ཆུ་རྦ་ཀློང་དང་བཅས་ཏེ་འཚངས་བྱུང་བ་ན། སྡིགས་མཛུབ་བསྟད་དེ་ཕཊ་ཅེས་གསུངས་པ་ཙམ་གྱིས་ཆུ་ཐིགས་པ་ཙམ་ཡང་མ་ལྷུངས་པར་ཕྱིར་ལོག་པ་སོགས་ཐམས་ཅད་ཀྱི་མཐུན་གྲུབ་ཏུ་མཐོང་གདའ། བོ་དོང་དུ་ཧོར་དམག་བྱུང་བའི་ཚེ། ནང་གཟན་ཁ་ཅིག་ཧོར་རྒྱ་ཙམ་གྱིས་འབའ་རྩི་ཀོང་བྱས་གསོད་ལ་ཉེ་བ་ན། རྒྱང་རིང་པོ་ནས་སྡང་མིག་དང་སྡིགས་མཛུབ་མཛད་དེ་ཤཱ་ས་ན་བཟླ་བར་མཛད་པས་ཧོར་དེ་དག་གློ་བུར་དུ་བྲོས་ཤིང་འཁྱམས་སོང་ནས། རང་ཕྱོགས་ལ་གནོད་པ་མ་བྱུང་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་མཐོང༌། གཞན་ཡང་རྡོ་རྗེ་ཆོས་སྐྱོང་རྣམས་ལ་བསྙེན་སྒྲུབ་དང་བསྐང་བཤགས་རྩལ་དུ་བཏོན་པས། གཞུང་ནས་བཤད་པའི་རྟགས་རབ་འབྲིང་ཐམས་ཅད་མངོན་དུ་གྱུར། མངོན་སུམ་དུ་