R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༡
[A:༡༨༡]བྱེད་ཞེ་དགུ་མ་སོགས་དབང་མང་པོ། ཕག་དཀར་དང་སེང་གེ་གདོང་ཅན། ལས་ཀྱི་གཤིན་རྗེ། རྡོ་རྗེ་རབ་བརྟན་མ། རྣམ་སྲས་ཞི་དྲག་སོགས་རྗེས་གནང་མང་པོ། དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་རྒྱ་གཞུང་ཕལ་ཆེ་བ་སོགས་ལུང་མང་པོ་སོ་སོའི་བཞེད་པ་བཞིན་བཤད། རྗེ་བླ་མ་འཇམ་པའི་དབྱངས་བྱང་གླིང་ཞབས་སྤྱན་དྲངས་ནས། ཀྱེ་རྡོར་འགྲེལ་པ་ས་ལུགས་སོགས་དབང་ཁ་ཡར་དང༌། ཆོས་རྗེ་ཐམས་ཅད་མཁྱེན་པའི་བཀའ་འབུམ་གྱི་ལུང་ཚུགས་པ་ཙམ་བགྱིས་རྗེས། མྱུག་ཏུ་འོངས་ནས། དབེན་ཤྲཱི་བྱང་ཆུབ་སེམས་དཔའི་གདུང་བརྒྱུད་དུ་འཁྲུངས་པའི་མཐོ་བཙུན་ཆོས་ཀྱི་རྗེ་སེམས་དཔའ་ཆེན་པོ་བསོད་ནམས་དཔལ་འབྱོར་པའི་དྲུང་སོགས་ལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དབང༌། ཕྲ་མོ་བྲག་པའི་དྲེགས་འདུལ། པདྨ་གླིང་པའི་དྲག་དམར། རྡོ་རྗེ་གླིང་པའི་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ། གུ་རུ་ཚེ་བརྟན་པའི་བླ་མ་ཞི་དྲག །རྫོགས་པ་ཆེན་པོ་རང་བྱུང་རང་ཤར་རྣམས་ཀྱི་དབང་ལུང་མན་ངག་རྫོགས་པར་ཕུལ། དེ་ནས་འོ་ཡུག་ཏུ་རྗེ་བླ་མ་ཟབ་བུར་ཕེབས་པའི་ལམ་ཞོར་ལ་སྤྱན་དྲངས། བདོག་པའི་དངོས་པོ་ཅི་འབྱོར་ཕུལ། ཕྱག་ཕྱི་བགྱིས་ཟབ་ལུང་ལེགས་པར་མཇལ་ཞིང༌། རིམ་བཞིན་མྱུག་ཏུ་ཕེབས་ཆོས་སྡེའི་བླ་བྲང་དུ་བཞུགས་ནས། སྒྲུབ་ཐབས་རྒྱ་མཚོ། ཤངས་ཆོས་ལྷག་མ་རྣམས་ཡོངས་སུ་རྫོགས་པ་དང༌། རྒྱལ་ཁང་དུ་ཕེབས་ནས་སྒྲོལ་དཀར་གྱི་ཚེ་ཁྲིད་དང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད་ཐུན་མོང་མ་ཡིན་པ་རྣམས་སྐུ་དྲིན་གྱིས་བསྐྱངས་ཏེ་