R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༢
[A:༡༨༢]ཕ་བླ་མ་སྟོད་ཕྱོགས་སུ་ཕེབས་མངའ་རིས་རྫོང་ཁའི་དགེ་བཤེས་ཞིག་ལ་པདྨ་དབང་ཆེན་ཡང་གསང་ཁྲོས་པ་དང༌། རྫོང་ཆུང་བ་ལུགས་ཀྱི་མགོན་པོ་ཆེ་ཆུང་རྫོགས་པ་ཞིག །བོད་སྤྱིའི་སྐྱབས། ལྷ་བཙན་པོའི་གདུང་བརྒྱུད་བདག་མོ་མངའ་རིས་མའི་བཀས་བསྐུལ་ཏེ་བཤད། དེ་ནས་འོ་ཡུག་ཏུ་ཕྱིན་ཏེ། སྔ་སོར་ཟབ་བུར་ལྟས་ཤིག་མཐོང་བ་ལ་བརྟེན། ཚར་མ་འུར་མར། དཔལ་སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ཆེན་པོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྩ་དབང་རྒྱས་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ཆ་ལག་ཤིན་ཏུ་ཚང་བའི་སྒྲུབ་དབང་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཚེ་ལྷ། ནོར་ལྷ། ཁྱུང་ཆེན། བསྟན་སྲུང་ཡོངས་རྫོགས་ཏེ་སྒྲུབ་ཕྲན་སོ་སོའི་དབང་དང་བཅས་པ་ཞིག་བགྱིས་པ་ལྟར། ངེད་རང་ལ་བྱིན་རླབས་ཀྱི་མཚན་མ་ཤིན་ཏུ་ཆེ་བ་ཞིག་བྱུང་ལ། གཞི་བདག་ལྷ་ཆེན་སྐུ་མཆེད་ཀྱང་དགྱེས་པའི་རྣམ་འགྱུར་མཐོང༌། ནག་པའི་ཟླ་བ་ལ། ཞྭ་ལུའི་རི་ཕུག་ཏུ་ཆོས་རྗེ་ཐམས་ཅད་མཁྱེན་པའི་དུས་ཀྱི་མཆོད་པའི་སྐབས་སུ། དེ་སྔ་ཡན་མཁན་པོས་ཁྲོ་སྤྲོ་མཛད་ཀྱི་ཡོད་འདུག་ནའང༌། མཁན་ཆེན་ཆོས་གྲུབ་པས་གཤེད་དམར་གྱི་སྟེང་ནས་ཡོ་གའི་ཁྲོ་སྤྲོ་སོགས་ཅི་རིགས་ཀྱི་ངང་ནས་རིམ་བཞིན་ཆག་འདུག་པ་ལ་བརྟེན། ས་ཆོག་གི་གར་ཡང་འཆག་ལ་ཉེ་བ་འདུག་པ་དང༌། ཁམས་གསུམ་རྣམ་རྒྱལ་གྱི་སྒྲུབ་མཆོད་ཀྱང་ཆག་འདུག་པ་ནས། ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་ཁྲོ་སྤྲོ་བགྱིས་པ་ལྟར་གྲྭ་ཚང་གསུམ་གའི་གར་པ་བཟབས་མཆོར་བཏོན་པའི་ས་ཆོག་