R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༣
[A:༡༨༣]དར་རྒྱས་སུ་སོང་བ་ཞིག་བྱུང༌། ལོ་དེ་ངེད་རང་གི་རང་ལོ་ཡིན་པ་བཞིན་རྨི་ལམ་སོགས་ཀྱང་དགའ་མོ་མེད་པ་ཁོ་ན་དང༌། འཕྲལ་གྱི་གཤིས་ཀའང་ཆེར་འགྱུར་བའི་མྱུར་པོ་འགྲོ་བ་ལ་ཕྱོགས་པ་ཞིག་ཡིན་ནའང༌། ཟླ་བ་བདུན་པའི་ཚེས་བཅོ་ལྔ་ནས་དཔལ་སྤུག་རྣམ་པར་གྲོལ་བའི་རི་ཁྲོད་དུ་མཚམས་བསྡམས། ལོ་ཕྱི་མ་ཟླ་བ་གསུམ་པའི་ཚེས་བཞི་ཚུན་བཅད་རྒྱ་གང་དམ་དང་བཅས། དཔལ་ཀྱེ་རྡོ་རྗེའི་རྩ་སྔགས་དང་སྙིང་པོའི་གཞི་བསྙེན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་གེགས་མེད་དུ་མཐར་ཕྱིན་པ་ནི་བླ་མ་དམ་པའི་ཐུགས་རྗེའི་བྱིན་རླབས་གཅིག་པུར་ཤེས་པར་བྱའོ། །རང་ལོ་སོ་བརྒྱད་པའི་བྱ་ལོ་ནག་ཟླ་ལ་རི་ཕུག་ཏུ་ཆོས་རྗེ་ཐམས་ཅད་མཁྱེན་པའི་དུས་ཆེན་ཐོག་སླེབ། ས་ཆོག་སྔར་བཞིན་དང༌། དེ་སྔ་མཆོད་གར་འདི་རྒྱུན་དུ་མི་འདུག་པས། བདག་གིས་སྦྱིན་སྲེག་པ་བགྱིས། གྲྭ་ཚང་གསུམ་པོའི་གར་པ་བཟབས་མཆོད་དང་བཅས་པའི་མཆོད་གར་ལོ་ལྟར་ཆགས་སུ་འཛུགས་པའི་སྒྲིགས་བགྱིས། དེ་ནས་ཞ་ལུ་གནས་ཉིད་དུ་ཟླ་བ་གསུམ་གྱི་བར་གཙུག་ལག་ཁང་གི་ཞིག་བསོས་དང༌། བླ་བྲང་གི་མཁར་ལས་དབུ་བཙུགས། ངེད་རང་ནི་སྡེ་པ་ཁྲི་ཁང་ནས་ཀྱི་བཞེད་པ་དང་བསྟུན། རྒྱལ་པོའི་ཁབ་དེར་ཡུན་རིང་དུ་གནས་ནས་ཟབ་རྒྱས་ཀྱི་དབང་བཀའ་འབུལ་བ་དང་སྐུ་རིམ་སོགས་དགོངས་བཞེད་བཞིན་སྒྲུབ་པ་དང༌། ཞ་ལུར་སླེབས་ནས་ཀྱང་རྗེ་བླ་མ་འཇམ་པའི་དབྱངས་ཀྱིས་དབུ་མཛད། དབང་ཆ་གཉིས་ལ་སྦྱོང་རྒྱུད་དབང་ཚར་