R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༢
[A:༡༩༢]ཞབས་ཀྱང་སྤྱན་དྲངས་ཏེ། བ་དོ་ན་མངའ་བདག་མར་པ་ལོ་ཙཱ་བའི་ཐུགས་དམ་དང༌། མེས་སྟོན་ཚོན་པོའི་ཞལ་གོ་བཞུགས་པར་གྲགས་པས་མཇལ་དུ་ཕྱིན་སྐབས། རྒྱལ་པོ་ཁོ་རང་ཐ་མལ་བའི་བཙུན་པ་གྲ་པ་བརྗིད་ཆགས་ཀྱི་རྣམ་པས་སྤོས་ཕོར་ཁྱེར་ནས་བསུ་བར་བྱུང་བ་བཞིན་ཐམས་ཅད་ཀྱིས་མཐོང་བར་རླུང་ཚུབ་ཆུང་ངུ་ཞིག་གཙུག་ལག་ཁང་གི་མཁྲིས་ནས་བྱུང་སྟེ་ངེས་ཀྱི་ཐད་དུ་སླེབ་ངེས་གདོང་ལ་ཕྱུ་རུ་རུ་འགྲོའི་འདུག །བྱིན་རླབས་རྟེན་བཞུགས་པའི་གདུང་རྟེན་དང༌། རིགས་ལྔའི་ལི་མ་སྐུ་ཚད་ཆེན་པོ་འདྲ་འདུག་པ་རྣམས་མཇལ། སྒམ་ཞིག་ན་རྒྱལ་པོའི་རྟེན་རྫས་ཤེལ་གྱི་སེང་གེ་སོགས་ཁ་ཡར་འདུག་པ་རྣམས་ཀྱང་བལྟས། བསྟན་པ་བསྲུང་དགོས་པ་དང༌། མཐའ་དམག་བཟློག་དགོས་པའི་བཀའ་བསྒོ་རྒྱས་པར་བྱས་དུས་ཀྱང༌། ད་གིའི་བཙུན་པ་དེ་ཤིན་ཏུ་གུས་པའི་རྣམ་པས་ཉན་ཞིང་བསྡད་འདུག །དེ་ནུབ་ནུབ་ཆོས་ལུང་ནས་མཁན་ཆེན་རིན་པོ་ཆེས་འབོད་མི་ཡང་ཡང་གནང་བྱུང་བ་དང༌། ཁྱད་པར་རྗེ་བླ་མ་ཤར་གླིང་པའི་ཞབས་དང་ཡང་ད་ལམ་ཙམ་མ་མཇལ་ན་སླར་མཇལ་དཀའ་བའི་འདུན་པས་ཆོས་ལུང་དུ་ཕྱིན་ཏེ། རྗེ་བླ་མ་འབུལ་བས་མཉེས་པར་བྱས། ཚུར་ཀྱང་དུས་འཁོར་ཀྱི་རྡོ་སྐུ་ཧོར་བཟོ་མ་ཞིག་གིས་གཙོས་པའི་གནང་སྦྱིན་སྐུ་དྲིན་ཚད་མེད་བསྐྱངས། ཆོས་ལུང་བླ་ཕྲང་ནས་ཀྱང་བསྙེན་བཀུར་རྒྱ་ཆེར་མཛད་དེ། རང་བྱོན་འཕགས་པ་དང༌། ནུབ་གནས་གསར་ན་བཞུགས་པའི་ཐུགས་རྗེ་ཆེན་པོ་རྣམས་ཀྱི་དྲུང་དུ་སྨོན་ལམ་ཡིད་ཆེས་པ་རེ་བཏབ། རིམ་བཞིན་འོ་ཡུག་གོས་སྔོན་དུ་སླེབས་ནས་དམ་ཅན་མཇལ་བ་ན། རྗེ་