R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༣
[A:༡༩༣]བླ་མས་དེ་སྔ་མ་གཟིགས་པས་ཞལ་རས་སོགས་ལ་ཐུགས་གཞིག་འཇུག་བཞེད་པ་ལ། མར་མེ་ཆེན་པོ་ཁྱེར་ས་ནི་མི་གདའ། རྒྱ་མཐོངས་ཀྱི་ཉི་མ་ཡོལ་བས་ཆེར་མཐོང་རྒྱུ་མི་འདུག་པས། འདི་ལས་གསལ་བ་ཞིག་མཛད་ན་འཐད་སྨྲས་མ་ཐག་ཞལ་རས་ཀྱི་ཐད་དུ་མེ་ལོང་གི་འོད་བརྒྱབ་པ་འདྲ་བའི་འོད་དང་ཁྱི་ལེ་བ་ཞིག་གཟིགས་རྟོག་མ་ཚར་རིང་བྱུང་བ་དེར་འདུས་ཐམས་ཅད་ཀྱིས་མཐོང་མོད། རྗེ་བཙུན་རོང་པའི་ཞབས་དེ་དམ་ཅན་བྲན་དུ་འཁོལ་བ་ཞིག་ཡིན་པས་དེའི་སྐུ་དྲིན་ཡིན་ནོ་སྙམ། དེ་ནས་སྡིངས་མར་སླེབ་གྲྭ་པ་སྦྱིན་བདག་ཐམས་ཅད་དང༌། གཙོ་བོར་བློ་གྲོས་བཟང་པོས་རྒྱུ་སྦྱར་ཞིང་གསོལ་བ་བཏབ་ནས། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་ཞག་བདུན་བསྒྲུབས་པའི་ཚེ། རིལ་བུའི་བུམ་པ་ལ་གཏེར་བདག་དང༌། གཞི་བདག་རྣམས་སྐོར་བ་བྱེད་པ་ངེད་རང་གི་ཉམས་སྣང་ལ་བྱུང་བ་བཞིན། གཞི་བྱེས་ཀྱི་གསལ་སྣང་བ་ཁ་རེས་ཀྱང་མཐོང་འདུག །བུམ་པ་ཞལ་ཕྱེ་བའི་ཚེ། འཇའི་གུར་ཕུབ་མེ་ཏོག་གི་ཆར་ཁ་བ་ལྟར་བབས། དྲི་བཟང་པོས་གླིང་ཐམས་ཅད་ཁྱབ། རིལ་བུ་དྲིལ་བུ་བདུན་འཕེལ། གཞི་བྱེས་ཀྱི་སྐྱ་སེར་སྟོང་ཕྲག་ལྔ་ཙམ་ལ་དབང་བསྐུར་ཞིང་རིལ་བུ་བཀྱེ་ནས་ཐར་བའི་ས་བོན་སྐྱོན་མེད་པ་བཏབ། དེ་གྲོལ་མ་ཐག་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་ཆེན་པོའི་སྒྲུབ་པ་ཞག་ལྔ་བགྱིས་ཏེ་དབང་བསྐུར་བའི་ཚེ་ཡང་འཇའ་འོད་དང་མེ་ཏོག་ལ་སོགས་པ་ངོ་མཚར་བ་དུ་མ་ཞིག་བྱུང༌། རྗེ་བཙུན་རོང་པའི་ཞབས་ལས་སྤྲུལ་སྐུ་