R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༡
[A:༡༩༡]བདུན་དང༌། རྗེ་བཙུན་མ་ལྷ་བཅུ་བདུན་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་རྒྱས་པར་གྱིས། དེ་སྐབས་དད་ལྡན་མང་པོ་ཞིག་གིས་གསོལ་བ་བཏབ་པའི་ངོར། འདུས་བ་བརྒྱ་ཙམ་ལ་དབང་བསྐུར་བ་ཡང་བསྒྲུབས་ཏེ་ཞག་གཅིག་བསྡད། དེ་ནས་སླར་ཡང་བྱམས་ཆེན་དུ་འོངས་ནས། རྗེ་དམ་པས་དྲུང་དུ་གསུང་གི་བདུད་རྩི་ཞུ་བཞིན་པའི་ངང་ནས། རྗེ་བླ་མ་གྲུབ་པའི་དབང་ཕྱུག་རོང་པའི་ཞབས་སྤྱན་དྲངས་ཏེ། འཇོམས་བྱེད་འཆར་ཀ་ནག་པོ་རི་བོ་ཆེ་མའི་དབང་ལུང་རྫོགས་པར་ཞུས། བྱམས་ཆེན་ཤར་ཆེན་པ་དང༌། བདེ་རྒྱས་པའི་དཔོན་སློབ་ཞལ་ངོ་རྣམ་པས་དབུ་མཛད་དགེ་བའི་བཤེས་གཉེན་དུ་མ་ལ། དཔལ་འཁོར་ལོ་སྡོམ་པ་ནག་པོ་པའི་དབང༌། འཇམ་དབྱངས་དཀར་པོ། དཔའ་བོ་སྟོབས་འཕྲོག་དབང་པོ་བསྙེན་དུས་སོགས་སོ་སོའི་བཞེད་པ་དང་བསྟུན་པའི་ཆོས་དུ་མ་ཞིག་བཤད་དེ་ཞག་ཉི་ཤུ་རྩ་དྲུག་བསྡད། དེ་ནས་རིམ་བཞིན་ཡུར་གུར་འོང་སྟེ་རྗེ་བླ་མ་གྲུབ་པའི་དབང་ཕྱུག་དགེ་སློང་ཆེན་པོ་ར་སྔ་ནས་དཔོན་ས་བདག་མོའི་ཏི་ཤྲིར་བཞུགས་པ་སྐུ་ནས་བྱོན་པ་དང༌། ངེད་རང་ཀྱང་ད་ཕྱིན་རོང་འདི་ལ་རྒྱུ་འགྲུལ་ཆེར་ཨེ་བྱེད་མི་ཤེས་པས་ད་ལམ་མཇལ་བ་ཞིག་ངེས་པར་སྐབས་སུ་བབ་སྙམ་ནས། ར་སྔར་ཞུ་ཁྲོལ་ཞུས་པས། ཉིན་འཁོར་ཅིག་ཁྲོལ་བྱུང་བ་ནས་ཡུར་གུར་གདན་དྲངས། ཚེ་དཔག་མེད་ཉེར་སྒྲུབ་ཀྱི་དབང་དང༌། གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་སུ་གནང་བ་ཞིག་ཞུས། བསྙེན་བཀུར་འབུལ་བས་མཉེས་པར་བགྱིས། སང་དེ་རྗེ་བཙུན་རོང་པའི་