R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༤
[A:༡༩༤]བསྟན་གཉིས་གླིང་པའི་གཏེར་ཆོས་གུ་རུ་ཞི་དྲག །རྣམ་སྲས། སྤྲུལ་སྐུ་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་ཕུར་པ་སོགས་དབང་ལུང་དུ་མའི་སྐུ་དྲིན་ཞུས། ཕར་ཡང་དགོངས་བཞེད་དང་བསྟུན་ནས། རང་བཞིན་རྫོགས་པ་ཆེན་པོ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཁྲིད་དང༌། རྒྱབ་ཆོས་སུ་རྒྱུད་བཅུ་བདུན་གྱི་ལུང་རྣམས་དད་ལྡན་མང་པོ་ཞིག་ལ་ཕུལ་བའི་ཚེ། ཉིན་རེ་བཞིན་ཆོས་ཚུགས་མ་ཐག་ཆོས་ར་དེ་དང་ཁད་ཉེ་བའི་རྒྱ་སྐར་གྱི་སྨིན་མའི་སྟེང་དུ་བྱ་རོག་རེ་བབས་ནས་བདག་ལ་ཕྱོགས་པས་ཆོས་མ་གྲོལ་བར་ལྷོད་དེ་སྡོད། གྲོལ་བའི་བསྔོ་བ་ཚུགས་མ་ཐག་འཕུར་འགྲོ་བ་ཇི་སྲིད་ཁྲིད་ལུང་མ་རྫོགས་ཀྱི་བར་བྱུང་བས་ཐམས་ཅད་ངོ་མཚར་དུ་འཛིན་གྱི་འདུག །དེར་རྒྱུན་ཀྱང་ཟླ་བ་གཅིག་ཙམ་བསྡད་ནས། རྗེ་བླ་མ་བདོག་པའི་དངོས་པོ་གྱ་ནོམ་པས་མཉེས་པར་བགྱིས་ཏེ་ཕྱིར་བྱོན། བདག་གིས་གྲོགས་དག་དལ་འབྱོར་འདི་ནི་གཡོ་བ་དང༌། འཇིག་རྟེན་སྐྱེ་བོ་དམ་པ་འཕྲད་རྙེད་དཀའ། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་དང་ཡང་ཡང་ཕྲད་པ་ནི་དུས་ཀྱི་མཐའ་འདིར་ཆེས་དཀོན་ནོ་སྙམ་ནས། ར་གོང་རྒྱུད། འབྲོག་པ་རྒྱ་ཚོ་སྤང་སྒང་ན་རྗེ་བཙུན་ར་ཆེན་དམ་པ་བཞུགས་པ་ལ་མཇལ་དུ་ཕྱིན་པ་ན། དམ་པ་དེ་ཉིད་ཞིང་འདིའི་མཛད་པ་ཕལ་ཆེར་རྫོགས་པ་ཞིག་པས་སྐུ་ཁམས་ཤིན་ཏུ་ངན་པ་ཞིག་མཐོང་ནས་ཡིད་ལ་གདུང་བ་ཆེན་པོ་ཡང་སྐྱེས། གཞན་ཐབས་ནི་ཆེར་མ་རྙེད། གདན་བཞུགས་བཞིན་བགྱིས་ན་བསམས་ཀྱང༌། བརྒྱ་ཚོ་ནས་ནང་སོ་ནི་པ་རྣམ་ན་བཞུགས། གཞིར་བཞུགས་ཀྱི་