R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༦
[A:༡༩༦]འཁོར་བ་ལས་སྒྲོལ་ནུས་ཞེས་པའི་ལུང་བསྟན་ཞིག་བྱུང་བ་དེའང༌། རིལ་བུ་འདི་ལ་བརྟེན་ནས་འགྲུབ་པ་ཡིན་ནམ་སྙམ། ཡང་ཡང་དུ་སྒྲུབ་པའི་ཞེ་དམ་བཅས། རིལ་བུ་མི་ཕྱུགས་མཐོང་ངོ་ཅོག་ལ་བྱིན། ཡར་འབྲོག་དང་བྱང་གི་གནམ་མཚོ་ཕྱུག་མོ་སོགས་མཚོ་ཆེན་པོ་དུ་མ་ལ་ཡང་བསྐྱལ། རྒྱུག་ཆུ་དང་འཐུང་རྒྱུ་མྀག་གིས་མཐོང་ཚད་ལ་བཏབ་ཅིང་སྨོན་ལམ་བཏབ་བགྱིས་པ་ཡིན་ནོ། །དེ་ནས་གཡས་སུ་མྱུག་གི་ཕོ་བྲང་དུ་འོངས་ཏེ། སྡེ་པ་རིན་པོ་ཆེས་བཀས་བསྐུལ་ནས་དེར་ཡང་ཆོས་སྡེའི་འདུ་ཁང་དུ་སྒྲུབ་པ་ཞག་གཅིག་ཁ་བསོས། དད་ལྡན་སྟོང་གདལ་བ་ལ་དབང་བསྐུར་རིལ་བུ་བཀྱེ་བའི་དུས་ཀྱང་ཁ་དོག་ལྔ་ལྡན་གྱི་འཇའ་གུར་མེ་ཏོག་གི་ཆར་དང་བཅས་པ་བྱུང་བ་ཐམས་ཅད་ཀྱིས་མཐོང་བ་དེ་ཡིན། དེ་རྗེས་མྱུག་པ་རིན་པོ་ཆེ་བསོད་ནམས་དཔལ་འབྱོར་གྱིས་མྱུག་ཆོས་སྡེ་ཅིས་ཀྱང་བཟུང་གསུང་པའི་ནན་སྐྱེད་མཛད་ཕུལ་བ་ལྟར། བསྟན་པ་བསོ་བ་ལ་བསམས་ནས་བདག་ཏུ་བཟུང༌། ཡོང་སྒོ་གང་ཅི་ཆོས་རྗེ་ཉིད་སྐུ་ཁམས་བཟང་རིང་ཕྱག་ཏུ་ཕུལ། ལུགས་གཉིས་ཀྱི་འགན་བདག་གིས་འཁུར་བའི་ཁུངས་བྱས། ཟླ་བ་བཞི་པའི་ནང་དུ་རི་ཕུག་གི་དུས་མཆོད་ཆེན་མོ་ལ་ཕྱིན་ཏེ། དགེ་བའི་བྱ་བ་མཐའ་དག་སྔར་ལས་མི་དམན་པར་བསྒྲུབས། དེ་རྗེས་ཞྭ་ལུ་གནས་སུ་འོངས་ཏེ། རྗེ་བླ་མ་བྱང་གླིང་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས་དབུ་མཛད་པའི་དགེ་བའི་བཤེས་གཉེན་ལྔ་བཅུ་ཕྱིན་ལ། དཔལ་རྡོ་རྗེ་འཕྲེང་བ་དང་ཀྲྀ་ཡ་བསྲེས་པའི་དབང་རྒྱས་པ་སླ་