R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༧
[A:༡༩༧]ཆོས་སུ་མ་སོང་བའི་ཕྱག་ལེན་ཇི་ལྟ་བར་ཕུལ། དད་ལྡན་ཆེས་མང་པོ་ཞིག་ལ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་སྔོན་དུ་འགྲོ་བ་ཅན་གྱི་རིམ་ལྔའི་མྱོང་ཁྲིད། དེ་དང་རྗེས་འབྲེལ་གྱི་རྒྱུད་དང༌། སྐྱེད་རྫོགས་ཀྱི་རྒྱ་བོད་ཀྱི་ཡི་གེ་མང་པོའི་ལུང་ལ་སོགས་པའི་ཉིན་རེ་བཞིན་ཡང་ཆོས་ཐུན་བཞི་བཞི་གཏོང་བ་མ་ཆག་པ་དང༌། རྗེ་བླ་མ་འཇམ་པའི་དབྱངས་ཀྱི་དྲུང་དུ་ཆོས་རྗེ་ཐམས་ཅད་མཁྱེན་པའི་བཀའ་འབུམ་གྱི་ལུང་ཡང་མ་ཆག་པར་ཞུས། སླར་མྱུག་དུ་འོངས་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས། ཕ་བླ་མ་རིག་འཛིན་ཆེན་པོ་དབུས་ནས་སྤྱན་དྲངས་ཏེ། སྒར་པ་ཉི་ཤུ་ཕྱིན་དང་བཅས་པ་རྒྱས་པར་བསྙེན་བཀུར་ཏེ། ལྕོག་རོ་ཀླུ་ཕུག་གི་གཙུག་ལག་ཁང་དུ། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་དཔལ་སྒྲུབ་ཆེན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་འདི་དུས་བཀའ་བརྒྱད་བྱེ་བྲག་པའི་དབང་མང་པོ་གསན་པ་ལ། དེའི་ཚུལ་རྒྱས་པར་གནང་བའི་དགོངས་པ་ཡོད་པ་ལ། ཕྱག་བྲིས་འཕྲོ་མར་ལུས་པས་བར་འདིར་མ་ཚང་བ་འདུག་པ་མཆན་བུའི་འདི་རྗེས་སུ་བཏབ་པ་ཡིན་ནོ། །དེ་དག་ནི་རང་ཉིད་སྐྱེས་ནས་ད་ལྟའི་བར་གྱི་བྱས་བྱུང་རགས་པ་སྟེ། ལེགས་ཚོགས་སུ་གཏོགས་སམ་སྙམ་པ་ཚུན་བྲིས་པ་ཡིན་ལ། བྱས་སོ་ཅོག་བྲིས་ན་ནི་ལ་ལ་ནི་བྱིས་པ་རྣམས་དགོད་འཆོར་ལ་མཁས་པ་རྣམས་ཁྲེལ་བར་འགྱུར་བའང་ཡོད། ལ་ལ་ནི་ཐམས་ཅད་སྙིང་རླུང་ལྡང་ལ་ཐུག་པའང་ཡོད། སྐྱོན་གྱི་ཁོངས་སུ་གཏོགས་པ་རྣམས་སྦེད་