R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༡
[A:༢༠༡]ན། ངེད་ལ་བསམ་ངན་འཆང་བ་དེ་དག་ཆག་སྒོ་ཤིན་ཏུ་ཆེ་བར་ངེས་པར་བྱའོ། །འཇིག་རྟེན་ཕྱོགས་ནས་དིང་སང་གི་བླ་ཆེན་འདྲ་དང༌། དཀའ་བཅུ་རབ་འབྱམས་ཁ་ཅིག་ལྟར། བདེ་གཟར་སློང་བའི་གྲོས་དང་བང་ཆེན། མི་བསད་རྟ་སྒྱེལ་གྱི་གྲོས་དང་ལག་ལེན་ལ་ཡེ་མི་ཐེ་བས་བློ་བདེ་བ་ཞིག་བདོག །བྱིས་པའི་དུས་ནས་བཟུང་བུད་མེད་དང་རྩེད་མོ་བྱེད་པ་ལྟ་ཅི་སྨོས། མཛེས་མ་ཇི་སྙེད་པ་མཐོང་ཡང་དགའ་བ་ལ་བསམས་པ་ཙམ་ཡང་སྐྱེ་མ་མྱོང༌། ཐ་ན་རྨི་ལམ་ཙམ་དུའང་བུད་མེད་ལ་དགའ་བ་སྐྱེ་མ་མྱོང་ཞིང༌། ངེད་སྒོམ་ཆེན་པའི་ཚན་འདི་གྲུབ་གྲུབ་མོ་ཞིག་འདོད་ནས་མི་ཆོས་བླ་མ་འབྱུང་ཉེའི་འདུག་ནའང༌། མ་མཐོང་བ་མཐོང་དང༌། མ་གྲུབ་པ་གྲུབ་ཡེ་མ་བྱས་ལ། ཆང་འདི་ལ་ཞིམ་སྣང་དང༌། འཐུང་འདོད་ཆེན་མོ་ཡོང་གི་འདུག་ནའང༌། གཉེན་པོ་བསྟེན་ནས་ཚོགས་འཁོར་གྱི་དུས་ཀྱང་ལྕེས་རེག་ཙམ་ལས་འཐུང་གི་མེད་པས། བསླབ་བཞི་ལྔ་པོ་འདི་ལ་བླ་མ་དཀོན་ཅོག་གི་དྲུང་ན་ངོ་ནོང་དགོས་པ་མི་བདོག །དགེ་འདུན་ལྷག་མ་མན་ཆད་ནི་ཇི་ལྟར་ཡོད་ཤེས་པར་མི་གདའ། བྱིས་པའི་དུས་ནས་བཟུང་སྙིང་རྗེ་དང་ཕན་སེམས་ཤིན་ཏུ་ཆེ། སེམས་ཅན་ལ་ཕན་ན་ང་རང་བསྐལ་པའི་བར་དམྱལ་བར་སྡོད་པ་ལ་སྡུག་རྒྱུ་མི་འདུག་སྙམ་པ་དང༌། ང་རང་ཤི་ནའང་ཤི །གཞན་འདི་ཚོ་ལ་ཕན་ན་བསམ་པ་དུས་ཐམས་ཅད་དུ་བཅོས་མིན་དུ་སྐྱེ་བ་ཞིག་བདོག་པས་བྱང་སེམས་ཀྱི་བསླབ་པ་རྒྱུད་ལྡན་ཡིན།