R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༢
[A:༢༠༢] རིག་འཛིན་སྔགས་ཀྱི་སྡོམ་པའང་རྒྱུད་སྡེ་བཞི་པོ་སོ་སོའི་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་ཀྱི་རང་བཞིན་སོགས་ཆ་ཙམ་ཤེས་ལ། ཁྱད་པར་བླ་མ་ཡབ་སྲས་ལ་མི་ཕྱེད་པའི་དད་པ་ཅི་མཛད་ཁྱེད་མཁྱེན་རྒྱུན་ཆགས་སུ་ལྡན་པའི་དོན་གྱིས། ཡན་ལག་ཚང་བའི་ལྟུང་བས་མ་ཕོག་པའི་ཁུངས་ཡིན་ལ། དུས་རྒྱུན་དུ་ཏིང་ངེ་འཛིན་གྱི་དབང་དང༌། ཟླ་བ་རེ་བཞིན་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་ཡང་ནས་ཡང་དུ་ལེན་པ་འདིས་སྔགས་སྡོམ་རྒྱུད་ལྡན་དུ་འབྱུང་རེ་བ་ལགས། དེ་ལྟར་སྡོམ་པ་གསུམ་གྱིས་གཞི་བཟུང་ནས། རིས་མེད་པའི་ཆོས་ལ་ཐོས་བསམ་བགྱིས་ཚུལ་མདོ་ཙམ་བཤད་ན། སྔར་སྨོས་པ་ལྟར་གྱི་ཆོས་མཆོག་ཏུ་སྐུ་དྲིན་ཆེ་བའི་བླ་མ་ལྔ་ནས་བཟུང་སྟེ། རྗེ་བཙུན་དབོན་རིན་པོ་ཆེ་ངག་དབང་བརྟན་པ་དང༌། བདག་ཆེན་ཆོས་ཀྱི་རྗེ་རྩེ་གདོང་པའི་དྲུང་དུ་ལམ་དབང་རེ་ཐོབ་པ་དང༌། བདག་ཆེན་ཁྲི་ཐོག་རིན་པོ་ཆེ་དང༌། ཆོས་རྗེ་སྤྲེ་ཆུང་རིན་པོ་ཆེ་ལས་བླ་མའི་རྣལ་འབྱོར་ཙམ་དང༌། གཉག་སྟོན་ཆེན་པོ་བཀྲ་ཤིས་སྒང་པ་ལས་སྨེ་བརྩེགས་ཀྱི་ཁྲུས་དབང་ཞིག་ཐོབ་པ་ཡན་ཆད་དུ་བླ་མ་དམ་པ་སུམ་ཅུ་རྩ་གཉིས་མཉེས་པར་བགྱིས་ཏེ་ཆོས་ཀྱི་ཚུལ་ཇི་སྙེད་ཅིག་ཐོབ་མོད། བླ་མ་གང་ལས་གང་ཐོབ་པ་དང༌། དེ་དག་ཀྱང་བརྒྱུད་པ་རྣམ་པར་དག་པ་གང་ལས་འོངས་པ་དང༌། དེ་དག་གི་ནང་གསེལ་གྱི་དབྱེ་བ་ཕྲ་མོ་ཇི་སྙེད་ཡོད་པ་རྣམས་ནི་བདག་གིས་དམ་པའི་ཆོས་ཐོས་པའི་ཚུལ་གསལ་བར་སྟོན་པ་ཡིད་བཞིན་གྱི་ནོར་