R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༠
[A:༢༠༠]ཕལ་ཆེ་བས་མཐུ་ཁོ་ན་བྱེད་ཀྱི་འདུག་ཅེས་གླེང༌། ངེད་རང་གི་གྲྭ་པ་དད་པ་ཆེ་ཡང་ཡོན་ཏན་ཆུང་བ་འདྲའང་སྐུ་ཚེ་ལ་གནོད་ཟེར་ངན་ཐབས་སུ་གོ་ཡོད་པ་གདའ་སྟེ། གཤིན་རྗེ་དགྲ་ནག་པོའི་རྒྱུད་ལས། ལོ་རེའམ་ཟླ་བ་རེ་རེའམ། །ཡང་ན་ཞག་ནི་རེ་རེ་བཞིན། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །དབྱུག་གུ་དྲུག་ཅུ་རྩ་བཞིར་དྲན། །ཅེས་དབྱུག་གུ་དྲུག་ཅུ་རྩ་བཞིའི་བར་ཆད་ཞི་བའི་ཕྱིར་ཉིན་རེ་བཞིན་ཡང་གཏོང་དགོས་པར་གསུངས། རྡོ་རྗེ་གུར་ལས། ལས་རྣམས་ཐམས་ཅད་ཡང་དག་སྤྱད། །ཅེས་སེམས་ཅན་ལ་ཕན་གདགས་པ་དང༌། རང་གི་བར་ཆད་ཞི་བའི་ཕྱིར། ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་སྒྲུབ་དགོས་པར་གསུངས་པས། བར་ཆད་བཟློག་པ་ཁོ་ན་ལ་དམིགས་ནས་གཏོར་མ་དྲག་པོ་འདི་དག་བགྱིས་པ་ཡིན་པས་ཚེ་ལ་མི་གནོད་ཀྱི་སྟེང་དུ་ཕན་པ་མྱོང་བས་ཐོན་གྱི་འདུག །གཞན་དུ་ན། རྒྱུད་སྡེ་དྲི་མ་མེད་པ་ལས་གསུངས་པའི་དོན། བརྒྱུད་པ་ཟམ་མ་ཆད་པའི་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་མང་པོ་ཐོས། ལག་ལེན་ཕྲ་རགས་ཐམས་ཅད་ཀྱང་ཇི་ལྟ་བར་ཤེས། སྔགས་སྨྱོན་གྲངས་མེད་པ་ཞིག་སོང་བས་ལྷ་ལས་སུ་རུང་བའི་མཚན་མའང་ཅུང་ཟད་ཐོབ། དྲག་པོའི་ལས་ལ་སྦྱར་ན་ལྷ་ཚངས་པའང་སྒྲོལ་ཐུབ་ཙམ་བདོག་སྟེ། འཆི་དགོས་པ་འདི་བསམས་ནས་ཟི་མེ་བསྡད་པ་ལགས། འོན་ཀྱང་སྔར་སྨོས་པ་བཞིན་ངེད་ལ་རྦོད་གཏོང་དང༌། བྱེད་ཁ་དྲག་པོ་བྱེད་པ་དེ་དག་བདེན་པ་དང༌། སྲུང་བཟློག་ནུས་པས་བྱེད་པོ་དེ་དག་གི་སྟེང་དུ་བཟློག་ཅིང་སྨིན་པར་འགྱུར་བས་