R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༥
[A:༢༠༥] གདུགས་དཀར་ལྷ་བཅུ་བདུན་མའི་རིག་གཏད་ཀྱི་དབང༌། རིག་སྔགས་ཀྱི་རྒྱལ་མོ་སྲུང་བ་ལྔ་ལྷ་ལྔ་བཅུ་རྩ་གཅིག་གི་རིག་གཏད་ཀྱི་དབང༌། པདྨའི་རིགས་ལ་རིགས་ཀྱི་བདག་པོ་ཚེ་དཔག་མེད་ལྷ་དགུ་དང༌། འཆི་མེད་རྔ་སྒྲའི་དབང་དང་ཛེ་ཏཱ་རིའི་གཞུང་གསུམ་གྱི་ལུང༌། ཚེ་དཔག་མེད་ལྷ་དགུ་པཎ་ཆེན་ནགས་རིན་ལུགས་ཀྱི་དབང༌། རིགས་ཀྱི་འཁོར་ལོ་སྒྱུར་བ་དཔལ་དོན་ཡོད་ཞགས་པ་ལྷ་ཉེར་ལྔའི་དབང༌། འཕགས་པ་བཅུ་གཅིག་ཞལ་ལྷ་སོ་བདུན་པའི་དབང་ཕྱག་མཚན་ཞེ་གཉིས་ཀྱི་རྗེས་གནང་དང་བཅས་པ། རྡོ་རྗེའི་རིགས་ལ། རིགས་ཀྱི་བདག་པོ་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དབང་ཞུས་ནས་ཛེ་ཏཱ་རིའི་གཞུང་གསུམ་གྱི་ལུང༌། འཁོར་ལོ་སྒྱུར་བ་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ཀྱི་དབང་དང་རྗེས་གནང༌། སློབ་དཔོན་འགྲོ་བཟང་གིས་མཛད་པའི་སྒྲུབ་ཐབས་སོགས་ཡི་གེ་མང་པོའི་ལུང༌། བྲམ་ཟེ་མ་ཎི་བཛྲ་གྱིས་བཀྲལ་བའི་རྣམ་འཇོམས་མཐིང་ནག་ལྷ་བཅུ་དགུ་པ་དང༌། བྲམ་ཟེའི་སློབ་དཔོན་པ་བ་རི་པས་བཀྲལ་བའི་རྣམ་འཇོམས་དཀར་པོ་ལྷ་བཅུ་དགུ་པ་གཉིས་ཀྱི་དབང་དང༌། མ་ཎི་བཛྲ་གྱི་ལུགས་ཀྱི་གཙོ་རྐྱང་གི་སྒྲུབ་ཐབས་སོགས་རྒྱ་གཞུང་བཅུ་གཅིག །རྗེ་པཎྜི་ཏ་པས་མཛད་པའི་སྒྲུབ་ཐབས་དཀྱིལ་ཆོག་གཙོ་རྐྱང་གི་མངོན་རྟོགས་གསུམ་དང༌། ས་བ་རི་བའི་གཞུང་གསུམ་གྱི་ལུང༌། ཕྱག་ན་རྡོ་རྗེ་མདོ་ལུགས་བརྟག་པས་ཆེ་བའི་ལྷ་དགུའི་དབང་དང༌། ལྷ་ལྔའི་རྗེས་གནང༌། གཟུངས། གཟུངས་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོའི་ལུང་རྣམས་ཐོབ། སྤྱོད་པའི་རྒྱུད་ལ་རིགས་གསུམ་དུ་བཞུགས་པའི་ཕྱི་མ་གཉིས་ཀྱི་དབང་ནི་མི་སྣང་ལ། དེ་བཞིན་གཤེགས་པའི་རིགས་