R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༦
[A:༢༠༦]རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྙིང་རྗེ་ཆེན་པོ་འབྱུང་བ་ལྷ་བརྒྱ་དང་བཅུ་དགུའི་དབང༌། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་ལྷ་ཉེར་ལྔ་དང༌། ལྷ་ལྔའི་དབང༌། འཇམ་པའི་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་རྣམས་ལེགས་པར་ཐོས། རྣལ་འབྱོར་གྱི་རྒྱུད་ལ། རྩ་བའི་རྒྱུད་ཀྱི་དུམ་བུ་དང་པོ་དེ་བཞིན་གཤེགས་པའི་རིགས་དཔལ་རྡོ་རྗེ་དབྱིངས་རྩ་བའི་ལྷ་སོ་བདུན། མགྲོན་ཐབས་སྟོང་དང་བཅས་པའི་དཀྱིལ་འཁོར་ཆེན་པོར་རྩ་བ་དང༌། འགྲེལ་པ་ལུགས་ཏེ་དབང་གཉིས། དུམ་བུ་གཉིས་པ་རྡོ་རྗེའི་རིགས་ཁམས་གསུམ་རྣམ་རྒྱལ་རྩ་བའི་ལྷ་སོ་བདུན་མགྲོན་ཐབས་སྟོང་དང་བཅས་པའི་དབང༌། བཤད་པའི་རྒྱུད་ལ་རྡོ་རྗེ་རྩེ་མོ་ལས་གསུངས་པའི་གསང་བ་མཆོད་ཆེན་རིགས་བསྡུས་པའི་དཀྱིལ་འཁོར་ལྷ་སྟོང་དང་ཉིས་བརྒྱ་བདུན་ཅུ་རྩ་གཅིག་གི་དབང༌། ཆ་མཐུན་པའི་རྒྱུད་དཔལ་མཆོག་རིགས་བསྡུས་པ་ལྷ་སུམ་བརྒྱ་སུམ་ཅུ་རྩ་དགུའི་དབང༌། དཔལ་མཆོག་རྡོ་རྗེ་སེམས་དཔའི་དབང༌། འཕྲོས་པའི་རྒྱུད་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད་རྩ་བའི་ལྷ་སོ་བདུན། མགྲོན་ཐབས་དྲུག་ཅུ་འཇིག་རྟེན་པ་དང་བཅས་པའི་དབང༌། ཤཱཀྱ་སེངྒེ་གཙུག་ཏོར་དགུ་པ་ལྷ་སོ་བདུན། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ། མི་འཁྲུགས་པ་ཇོ་བོ་རྗེའི་ལུགས་ལྷ་བཅུ་གསུམ་པ། ཡན་ལག་གི་རྒྱུད་མཚན་ཡང་དག་པར་བརྗོད་པ་སློབ་དཔོན་འཇམ་དཔལ་གྲགས་པས་ལེགས་པར་བཀྲལ་བའི་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་ནམ་མཁའ་ལྟར་ཡངས་