R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༢
[A:༢༡༢]བསྐོར་བ། ཁྲག་མདོག་ཡབ་ཡུམ་རྣམས་ཀྱི་རྗེས་སུ་གནང་བ་མན་ངག་དང་བཅས་པ། རྗེ་བཙུན་ས་སྐྱ་པ་ལས་བརྒྱུད་དེ་འོངས་པའི་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་དབང༌། དཔའ་བོ་གཅིག་པའི་རྗེས་གནང༌། རྟོག་པ་བདུན་པའི་བཤད་བཀའ་དང་བཅས་པ། ཞང་ལོ་ཙཱ་བ་ཤེས་རབ་བླ་མ་ནས་བརྒྱུད་དེ་འོངས་པའི་རྡོ་རྗེ་འཇིགས་བྱེད་ཆེན་མོ་ལྷ་བཞི་བཅུ་རྩ་དགུ་ཞི་ཁྲོ་རྣམ་པར་རོལ་པའི་དབང་དང༌། དེའི་སྒྲུབ་ཐབས། རྣམ་པར་འཕེལ་བ། སྦས་པའི་སྤྱོད་པ་བསྡུས་པ་རྣམས་གྲུབ་ཆེན་ལཱ་ལི་ཏས་མཛད་པ། སྦས་སྤྱོད་ཀྱི་དོན་བསྡུས་པ། དྲག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ལུང༌། སྐྱོ་ལོ་ཙཱ་བ་ལས་བརྒྱུད་དེ་འོངས་པའི་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་བདུན་མའི་དབང་དྲག་པོའི་དབང་བདུན་གྱི་རྗེས་གནང་དང་བཅས་པ། སྐྱོ་མི་བསྐྱོད་པའི་ཡི་གེའི་སྟེང་ནས་རྟོག་པ་བདུན་པ་གསུམ་དང༌། གཉེན་རིན་ཆེན་བརྟན་གྱི་ཡི་གེའི་སྟེང་ནས་གཏམ་རྒྱུད་ཀྱི་རྟོག་པའི་བཤད་བཀའ། རྭ་རྩེ་སེམས་འཛིན་གྱི་ཉམས་ཁྲིད་ཡི་གེའི་ལུང་དང་བཅས་པ་རྣམས་ལེགས་པར་ནོས་ཤིང་ཁོང་དུ་ཆུད་པར་བགྱིས་པ་ཡིན་ནོ། །ཤེས་རབ་ཀྱི་རྒྱུད་ལ་རིགས་དྲུག་ཏུ་བཞུགས་པ་ལས། རིགས་དྲུག་ཆ་མཉམ་དུ་སྟོན་པ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་རིགས་བསྡུས་པ་ལྷ་བརྒྱ་དང་ཉི་ཤུ་རྩ་བདུན་གྱི་དབང༌། ཧེ་རུ་ཀའི་རིགས། རྒྱུད་དེ་ཉིད་ཀྱི་སྙིང་པོ་དཔལ་ཧེ་རུ་ཀ་ཟླ་གམ་གཅིག་པ་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་རྒྱས་བསྡུས། གྲུབ་ཆེན་ཧཱུྃ་ཀཱ་རའི་སྒྲུབ་དཀྱིལ་གྱི་ལུང་དང་བཅས་པ། སློབ་དཔོན་རྡོ་རྗེ་རྣོན་པོས་