R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༦
[A:༢༦]རྒྱ་ཆེར་བྱས་ཏེ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཇོ་ནང་ན་བཞུགས་པ་ལ་ཐུགས་དམ་སྐྱབས་འོག་དང་མིང་ཞུ་བར་བཏང་བས། མིང་མགོན་པོ་བསོད་ནམས་མཆོག་ལྡན་ཞེས་པ་གནང་འདུག །དུས་གསུམ་སྒྲིབ་མེད་གཟིགས་པའི་མགོན་པོ་དེས། །བསོད་ནམས་དབང་གིས་མི་ལུས་ལེགས་ཐོབ་ཅིང༌། །མཆོག་གྱུར་ལམ་བཟང་སྒོམ་པའི་སྐལ་ལྡན་དུ། །གསལ་བར་གཟིགས་ནས་མིང་འདི་བཏགས་པ་འདྲ། །གང་ལྟར་གསོ་བ་སླ་བའི་ཚད་ཐུབ་པས་ལྷ་མཆོད་འདྲེ་རྡུངས་ཡེ་མ་དགོས་ཤིང་སྐྱེད་ཆེ་ལ་ཡིད་འཛིན་པ་ཞིག་ཡོད་གསུང༌། བདག་ལུས་ལ་འཁྲིལ་ཙམ་ནས་ཡུམ་ཉིད་ཤའི་དྲི་ཚོར་བ་ནའང་མི་བཟོད་པ་སྐྱེ་བ་བྱུང་ལ། བདག་རང་བྱིས་པའི་དུས་ཤ་ཁ་ལ་མི་ཁྱེར་བ་ཞིག་ཡོད་འདུག །མིས་ཁྲིད་ནས་འགྲོ་ཤེས་ཙམ་གྱི་དུས་ན་ཉི་ཚོད་ཅིག་ལ་ཐུགས་དམ་གྱི་ཁུངས་རེ་རྟག་པར་བྱེད་ཀྱི་ཡོད་འདུག་པས། ཐེངས་ཤིག་ཞལ་ངོ་རྣམས་བྱ་རྒོད་གཤོངས་མཇལ་བར་བོ་དོང་ནས་ཞབས་ཐང་དུ་ཕེབས་པ་ན། ཉི་མ་ལ་བལྟས་ཏེ་ལམ་ཁ་དེ་ཉིད་དུ་ཙོག་གིས་བསྡད་དེ་ཇི་ཙམ་བགྱིས་ཀྱང་མ་ལངས་པར་དེ་མ་གྲོལ་རིང་ཞལ་ངོ་ཐམས་ཅད་ལམ་ཁ་དེར་ཆམ་མེ་བཞུགས་དགོས་པ་བྱུང་འདུག །རྩེད་མོའི་གནས་སྐབས་ཐམས་ཅད་ན་ཡང་དགོན་པ་འདེབས་པ་དང༌། ཁྲི་མཐོན་པོ་ལ་འདུག་སྟེ་ཆོས་འཆད་པ་དང༌། ནག་པོ་ཆེན་པོའི་འདུག་སྟངས་བྱས་ང་མགོན་པོ་ཡིན་ཟེར་ཉི་མ་ཕྱེད་རེ་ཙམ་དེ་ག་ལ་སྡོད། ཟ་རན་པ་ནའང་གཏོར་གསོས་གྱིས་ཟེར་ཕྱེ་མར་དང་བུ་རམ་སོགས་ཁར་འཇུག་དགོས་པ་དང༌། རེས་འགའ་ཉམས་དབྱངས་དང༌། ངའི་སྨོན་ལམ་