R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༧
[A:༢༧]དྲང་པོ་ཡིན་ཟེར་ཞིང་གར་མང་པོ་བྱེད། རེས་རྟེན་གསུམ་གྱི་དྲུང་དུ་མཆོད་པ་ཆུང་ཆུང་མང་པོ་བཤམས་ནས། ཡོན་ཆབ་འདི་ནི་སྔོ་ལ་དྭངས། །སྔོ་ལ་དྭངས་པ་བཞེས་སུ་གསོལ། །ཞལ་ཟས་འདི་ནི་རྩེ་མོ་སྙུང༌། །རྩེ་སྙུང་ཆེན་པོ་བཞེས་སུ་གསོལ། །ཞེས་སོགས་མཆོད་ཕྲེང་མང་པོ་བརྩམས་ཤིང་གྱེར་བར་བྱེད་ཀྱི་ཐ་མལ་པའི་སྤྱོད་པ་བྱེད་པ་ཅུང་ཟད་ཀྱང་མི་དྲན་ནོ་ཞེས། ང་རང་གི་མ་མ་རྒན་མོ་དང༌། ཨ་མ་རྒྱལ་ལ་སོགས་དེ་དུས་ཀྱི་དྲུང་འཁོར་ཐམས་ཅད་མགྲིན་གཅིག་ཏུ་སྒྲོག་པ་ཐོས། བདག་གིས་ལོ་གཅིག་ཙམ་འགྲོ་བ་ན་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ལས་དཔལ་ཀྱེ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པར་ཐོབ་འདུག་གོ །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དབང་དེས། །སྣོད་ལྡན་བུ་དེ་དཀྱིལ་འཁོར་རྣམ་བཞི་ལ། །འཁྲུལ་མེད་དབང་བཞིས་སྐུ་བཞིའི་ས་བོན་བཏབ། །ཕུང་ཁམས་དང་པོ་དབང་གིས་སྨིན་པར་བྱས། །གཞན་ཡང་ཚེ་དཔག་མེད། ཕྱག་ན་རྡོ་རྗེ་ཨུུ་ཙརྱ། གུར་གྱི་མགོན་པོ་ཕོ་རྐྱང་དང༌། ལྕམ་དྲལ་སོགས་རྗེས་སུ་གནང་བ་མང་པོ་ཞིག་ཐོབ་པར་སྣང༌། སྨྲ་ཤེས་ཙམ་གྱི་དུས་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཇོ་ནང་ནས་སྤྱན་དྲངས། ཨྱོན་གྱི་སློབ་དཔོན་ཆེན་པོ་པདྨའི་ཐུགས་སྒྲུབ་ཀྱི་དབང་རྒྱས་པ་ཞིག་ཐོབ་འདུག་པ་ཕྱིས་སུའང་དབང་དེ་གསལ་པོ་དྲན་གྱིན་འདུག་ནའང༌། བཀའ་གཏེར་གང་ཡིན་མ་ཤེས་པར་རིན་པོ་ཆེ་ལ་ཞུས་པས། དེ་དྲན་གྱི་གདའ་འམ་དགོད་དྲོ། གུ་རུ་ཆོས་དབང་གི་གཏེར་མ་ཐུགས་སྒྲུབ་གསང་བ་འདུས་པའི་དབང་ཡིན་གསུང༌། གཞན་ཡང་ཚེ་རྟ་